བྱང་ཨ་རིའི་ནང་གི་བོད་ཕྲུག་ལ་བོད་ཀྱི་སྐད་ཡིག་སློབ་གསོ།

བྱང་ཨ་རིའི་ནང་གི་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་གི་དགེ་རྒན་དང་ཕ་མར་བོད་ཡིག་སློབ་སྦྱོང་གི་ཟབ་སྦྱོང་གཉེར་བ།

བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་འོག་ཨ་རི་དང་ཁེ་ཎ་ཌའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་ཀྱི་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་གི་དགེ་རྒན་དང་ཕ་མ་རྣམས་ལ། གནའ་དེང་གཉིས་ཀྱི་ཐོག་ནས་སློབ་ཁྲིད་བྱེད་ཐབས་ལ་སོགས་པའི་སྐོར་ལ་དམིགས་བསལ་གྱི་ཟབ་སྦྱོང་ཞིག་གནང་ཡོད། ད་རེས་ཀྱི་ཟབ་སྦྱོང་འདི་ནི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་གཞིར་བཟུང་ལག་བསྟར་གནང་བ་ཞིག་ཆགས་འདུག

ཆེད་མངགས་རྒྱ་གར་ནས་གདན་ཞུ་གནང་པའི་སློབ་དཔོན་རེ་མདོ་སེང་གེ་ལགས་ཀྱིས་བྱང་ཨ་རིའི་ས་གནས་ཁག་ཅིག་ནང་དགེ་རྒན་དང་ཕ་མར་ཟབ་སྦྱོང་གནང་ཡོད་པས། འབྲེལ་ཡོད་སྐོར་ངོ་སྤྲོད་གནང་པར། ད་རེས་བྱང་ཨ་རིའི་ཁུལ་གྱི་གནས་སྟངས་མང་པོ་ཞིག་མཐོང་ཡོང་དུས་སྤྱི་ཡོངས་ནས་ཞན་ཆའི་མཐོང་ཚུལ་མང་པོ་ཡོད་རུང་། དགའ་འོས་པ་ཞིག་ནི་ས་གནས་གང་དུ་སྐྱོད་ཀྱང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་སློབ་སྤྱིས་གཙོས་པའི་དགེ་རྒན་རྣམ་པ། ས་གནས་སོ་སོའི་ནང་གི་ཕ་མ་བཅས་ཚང་མས་ས་གནས་གང་དུ་ཡོད་མེད་ལ་མ་བལྟོས་པར་ང་ཚོ་བོད་པའི་གཞོན་སྐྱེས་ཚོར་སྐད་ཡིག་དང་རིག་གཞུང་། བསམ་བློ་སོགས་བོད་པ་གཙང་མ་ཞིག་གསོ་སྐྱོང་ཡོང་ཐབས་གནང་བཞིན་པ་འདི་དགའ་སྤྲོ་འཕེལ་བའི་གཞི་མ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་བྱུང་།

ཡང་བསོད་ནམས་ཚེ་རིང་ལགས་ནི་བྱང་ཁེ་ལི་ཧྥོ་ཎི་ཡའི་ནང་གཟའ་འཇུག་བོད་ཡིག་སློབ་གྲྭར་དགེ་རྒན་གནང་བཞིན་ཡོད་པ་དང་། ཁོང་གིས་ད་རེས་ཀྱི་ཟབ་སྦྱོང་འདིའི་སྐོར་ལ་གསུངས་པར། རྒན་ལགས་རྣམ་པ་གསུམ་གྱིས་ལྷག་བསམ་རྣམ་དག་གི་ཐོག་ནས་དགེ་རྒན་ཚོས་སློབ་ཁྲིད་ཀྱི་ཐབས་ལམ་འདྲ་མིན་དང་། ཕ་མའི་འགན་ཁུར་བཞེས་སྟངས་ཀྱི་ཐོག་ནས་གནས་ཚུལ་མང་པོ་ཞིག་མཁོ་སྤྲོད་གནང་སོང་། དེ་བཞིན་སློབ་མའི་སེམས་ཁམས་དང་མཐུན་པའི་ཐོག་ནས་སྐྱོད་དགོས་པ་སོགས་ལས་འགན་གལ་ཆེན་པོ་ཆགས་ཡོད་པའི་གནད་དོན་མང་པོ་གསུངས་སོང་བས། ང་ལ་ཚོར་སྣང་འཕར་མ་ཞིག་སྐྱེས་བྱུང་ཞེས་གསུངས་བྱུང་།

བྱང་ཨ་རིའི་ནང་གི་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་གི་དགེ་རྒན་དང་ཕ་མར་བོད་ཡིག་སློབ་སྦྱོང་གི་ཟབ་སྦྱོང་གཉེར་བ།
བྱང་ཨ་རིའི་ནང་གི་བོད་ཕྲུག་ལ་བོད་ཀྱི་སྐད་ཡིག་སློབ་གསོ། བྱང་ཁེ་ལི་ཧྥོ་ཎི་ཡའི་ཁུལ་གྱི་ཟབ་སྦྱོང་། (བསོད་ནམས་ཚེ་རིང་།)

བྱང་ཨ་རིའི་ཁུལ་དུ་མཚོན་ན། ས་གནས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་སུ་གཟའ་མཇུག་བོད་ཡིག་སློབ་གྲྭ་ ༢༤ ཙམ་ཡོད་ཅིང་། དགེ་རྒན་མང་ཆེ་བ་ནི་དྭང་བླངས་ཡིན་པ་དང་། གཙོ་བོ་ནི་ནུབ་ཕྱོགས་སུ་འཚར་ལོངས་བྱུང་བཞིན་པའི་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སློབ་གསོ་གཙོ་བར་གྱུར་པའི་ཐོག་ཆོས་དང་རིག་གཞུང་། བོད་ཀྱི་སྲོལ་རྒྱུན་སོགས་ཕྱོགས་མང་པོའི་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཡོད། ད་རེས་ཀྱི་ཟབ་སྦྱོང་འདི་བཞིན་བྱང་ཨ་རིའི་ཁུལ་དུ་བོད་པ་མང་སའི་ས་གནས་ཁག་དྲུག་ནང་གཉེར་གནང་ཡོད་འདུག

སློབ་དཔོན་རེ་མདོ་སེང་གེ་ལགས་ཀྱིས་མུ་མཐུད་གསུངས་པར། ང་ཚོ་ཆ་ཚང་མཉམ་རུབ་ཀྱི་ཐོག་ནས་ལས་དོན་འདི་མུ་མཐུད་ནས་འགྲོ་ཐུབ་པ་ཡིན་ན། ནུབ་ཕྱོགས་ལུང་པ་གང་དུ་ཡོད་མེད་ལ་མ་བལྟོས་པར་ང་ཚོའི་གཞོན་སྐྱེས་མི་རབས་གསར་པ་འདི་རྣམས་མ་འོངས་པར་བོད་པའི་བདེན་དོན་འཐབ་རྩོད་དང་། སོ་སོ་བོད་པ་གཙང་མ་ཡིན་པ། བོད་པའི་ཁྱད་ཆོས་མ་བརླག་པའི་ཐོག་ནས་མ་འོངས་པར་བོད་པའི་བདེན་དོན་འཐབ་རྩོད་བྱེད་ཐུབ་མཁན་གྱི་དཔུང་ཁག་གཅིག་ཡོང་རྒྱུ་ཡིན་པ་གསལ་པོ་རེད་འདུག་ཅེས་གསུངས་བྱུང་།

ཡང་བསོད་ནམས་ཚེ་རིང་ལགས་ཀྱིས་གསུངས་པར། རང་ཉིད་ལ་མཚོན་ན། བོད་ཡིག་སློབ་ཁྲིད་འདི་གཟའ་ཉི་མ་ཙམ་མ་ཡིན་པར། རྒྱུན་དུ་དྲ་ཐོག་ནས་སློབ་ཕྲུག་ཚོར་སློབ་ཁྲིད་བྱེད་ཀྱི་ཡོད། དེའི་བརྒྱུད་རིམ་ནང་བསྐྱར་སྦྱོད་དང་གསར་ཁྲིད། ནང་སྦྱོང་ཞུ་དག་སོགས་ཀྱི་ཐོག་ནས་གཟའ་འཁོར་ཆ་ཚང་བོད་ཡིག་སློབ་སྦྱོང་དང་འབྲེལ་ནས་ཡོད་ཅེས་གསུངས་བྱུང་།

དང་ཐོག་བྱང་ཨ་རིའི་ཁུལ་དུ་བོད་ཡིག་སློབ་སྦྱོང་བྱེད་ས་མེད་པ་ནས་སྤྱི་མཐུན་ཚོགས་པ་ཁག་གི་ཁྱབ་ཁོངས་སུ་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་བཙུགས་ཏེ་རིམ་པ་བཞིན་མང་དུ་ཕྱིན་པའི་ཐོག་མཐུན་རྐྱེན་ཡང་རིམ་བཞིན་ཡར་རྒྱས་འགྲོ་ཐུབ་པ་བྱུང་ཡོད། འོན་ཀྱང་དཀའ་ངལ་ཆེ་ཤོས་ནི་ནུབ་ཕྱོགས་སུ་འཚར་ལོངས་བྱུང་བཞིན་པའི་བོད་ཕྲུག་ཚོར་བོད་སྐད་བཤད་སའི་ཁོར་ཡུག་ཅིག་མེད་པའི་དབང་གིས་ཡར་རྒྱས་ཀྱི་རྣམ་པ་འདི་དལ་ཙམ་ཡོད་པ་དགེ་རྒན་མང་པོས་ངོས་འཛིན་གནང་གི་འདུག

བྱང་ཨ་རིའི་ནང་གི་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་གི་དགེ་རྒན་དང་ཕ་མར་བོད་ཡིག་སློབ་སྦྱོང་གི་ཟབ་སྦྱོང་གཉེར་བ།
བྱང་ཨ་རིའི་ནང་གི་བོད་ཕྲུག་ལ་བོད་ཀྱི་སྐད་ཡིག་སློབ་གསོ། བྱང་ཁེ་ལི་ཧྥོ་ཎི་ཡའི་ཁུལ་གྱི་ཟབ་སྦྱོང་། (བསོད་ནམས་ཚེ་རིང་།)

ད་རེས་བྱང་ཨ་རིའི་ཁུལ་དུ་དགེ་རྒན་དང་ཕ་མར་དམིགས་བསལ་ཟབ་སྦྱོང་གནང་དོན་ནི་དགེ་རྒན་གྱི་སློབ་ཁྲིད་གནང་སྐབས་གོ་བདེ་ལ། ནུབ་ཕྱོགས་སུ་འཚར་ལོངས་བྱུང་པའི་ཕྲུ་གུའི་སེམས་ཁམས་ལ་གཞིགས་ནས་སློབ་ཁྲིད་ཀྱི་ཐབས་ལམ་ནི་སྲོལ་རྒྱུན་དང་དེང་དུས་ཀྱི་རྣམ་པ་ཟུང་སྦྲེལ་ཐོག་སློབ་ཁྲིད་བྱེད་དགོས་པ་དང་། ཕ་མའི་ངོས་ནས་ཀྱང་བོད་སྐད་ཡིག་གི་སློབ་ཁྲིད་འདི་དགེ་རྒན་རང་ལ་སྐྱབས་བཅོལ་བ་མ་ཡིན་པར། བོད་པའི་ཁྱིམ་ཚང་རེ་རེ་ཚང་མས་ཕྲུ་གུར་བོད་སྐད་བཤད་སའི་ཁོར་ཡུག་བསྐྲུན་དགོས་པའི་ཐོག་ཉིན་ལྟར་ཕྲུ་གུར་བོད་སྐད་བཤད་རྒྱུ་གལ་ཆེ་ཡིན་པ་སོགས་ཀྱི་ནན་བརྗོད་གནང་ཡོད་འདུག

བོད་ཕྱི་ནང་གཉིས་སུ་མཚོན་ན། བོད་པའི་མི་རབས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པས། གཞོན་སྐྱོས་ཕ་མ་མང་པོས་བོད་ཡིག་མ་ཤེས་པའི་ཐོག་བོད་སྐད་བཤད་རྒྱུར་ཡང་དཀའ་ངལ་ཞིག་ཆགས་ཡོད་པས། འདི་ནི་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ནས་དོ་སྣང་དང་འགན་ཁུར་དགོས་པ་ཞིག་ཆགས་སྐོར་བོད་ཡིག་དགེ་རྒན་ཞིག་ནས་གསུང་གི་འདུག

བོད་ནང་གི་བོད་མི་ཞིག་གིས་གསུངས་པར། བོད་ནང་གི་ཞིང་འབྲོག་ས་ཁུལ་གྱི་སློབ་གྲྭ་ཁག་ནང་དུ་ཡང་རྒྱ་ཡིག་རྒྱ་སྐད་ཀྱི་སློབ་གསོ་ཤུགས་ཆེན་སྤེལ་བཞིན་ཡོད་པ་དང་། གྲོང་ཁྱེར་ཆེ་ཁག་ནང་བུ་བཅོལ་ཁང་ནས་མཐོ་སློབ་བར་བོད་པའི་སློབ་མའི་སྐད་ཡིག་གནས་ཚད་འདི་བོད་སྐད་ལས་རྒྱ་སྐད་ཡག་པ་ཡོད་པ་དང་། སློབ་གྲྭ་ནས་ཁྱིམ་ཚང་བར་ཧ་ལམ་རྒྱ་སྐད་བེད་སྤྱོད་མང་བ་ཡོད་པ་བརྗོད་བྱུང་། འདི་ལོའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་བརྙན་མང་པོ་ཞིག་བོད་ནང་གི་སྤྱི་ཚོགས་དྲ་རྒྱའི་ཐོག་མཐོང་རྒྱུ་ཡོད་པ་དང་། སློབ་ཆུང་གི་བོད་པའི་སློབ་མ་མང་ཆེ་བས་རྒྱ་སྐད་ཐོག་དྲི་བར་ལན་འདེབས་དང་ཁ་བརྡ་བྱས་པ་མཐོང་རྒྱུ་ཡོད་པ་ལས། བོད་སྐད་ཐོག་བཤད་མཁན་ཧ་ཅང་ཉུང་ཉུང་ཆགས་ཡོད་པ་དོ་སྣང་བྱུང་།

བྱང་ཨ་རིའི་ཁུལ་དུ་འཚར་ལོངས་བྱུང་བཞིན་པའི་བོད་ཕྲུག་མང་དུ་འགྲོ་བཞིན་ཡོད་པ་དང་། ད་རེས་ཀྱི་ཟབ་སྦྱོང་འདི་ནི་གཙོ་བོ་དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་དང་ཕ་མས་འགན་ཁུར་ལེན་སྟངས་ཀྱི་ཐོག་གཙོ་བོར་དམིགས་ཏེ་ཟབ་སྦྱོང་གནང་ཡོད་ཅིང་། བྱང་ཨ་རིའི་ཁུལ་དུ་བོད་པའི་སྤྱི་ཚོགས་ཁྲོད་རང་གི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་ཆོད་སེམས་དང་ནུས་པ་ཆེ་རུ་གཏོང་རྒྱུར་ཕྱོགས་ཚང་མས་འབད་བརྩོན་གནང་བཞིན་ཡོད་འདུག

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།