གདན་ས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་དུ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཆེད་ཕེབས་ཐོག་དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ།
ཕྱི་ཟླ་ ༦ ཚེས་ ༡༦ སྟེ་བོད་ཟླ་ ༥ ཚེས་ ༡ ཉིན་དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༤༢ ལ་ཕེབས་པའི་འཁྲུངས་སྐར་ཉིན་བྱེས་ཀྱི་གདན་ས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་དུ་༧སྐྱབས་རྗེ་གོོ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པྲེམ་སིངྒ་རྟ་མང་ (Shri Prem Singh Tamang) མཆོག་དང་གཞན་ཡང་སྐུ་མགྲོན་དང་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་སྲུང་བརྩི་ཞུས་གནང་སོང་།
རྒྱལ་དབང་ཀརྨ་པ་མཆོག་ཕྱི་ལོ་ ༢༠༠༠ ལོར་བོད་ནས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཐུབ་ཡོད་ན་ཡང་ད་བར་འབྲས་ལྗོངས་ནང་ཡོད་པའི་ཁོང་གིས་གདན་ས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་དུ་ཕྱི་ནང་གིས་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་ཕེབས་ཐུབ་མེད་པ་རེད། དེ་ཡང་རུམ་བཏེག་བཤད་གྲྭའི་མཁན་པོ་སྐལ་བཟང་ཉི་མ་ལགས་ཀྱིས། རྒྱལ་དབང་མཆོག་བོད་ལ་འཁྲུངས་ནས་རྒྱ་གར་ནང་ཕེབས་ཐུབ་ཡོད་ན་ཡང་ཕྱི་ནང་གི་རྒྱུ་རྐྱེན་དང་ལྷག་པར་དུ་རུམ་བཏེག་དགོན་པར་འགྲོ་བཞིན་པའི་ཁ་མཆུ་ལ་བརྟེན་ནས་ཁོང་ད་བར་གདན་ས་རུམ་བཏེག་ལ་ཕེབས་ཐུབ་མེད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

འབྲས་ལྗོངས་ཁུལ་དུ་གནས་སྡོད་དད་ལྡན་མང་ཚོགས་ནས་དཔལ་རྒྱལ་དབང་ཀརྨ་པ་མཆོག་མགྱོགས་མྱུར་འབྲས་ལྗོངས་ནང་ཕེབས་ཐུབ་པའི་རེ་བ་དང་ཡིད་ཆེད་ཆེན་པོ་གནང་བཞིན་ཡོད་པ་རེད། རུམ་བཏེག་དགོན་པའི་མཁན་པོ་ཀརྨ་ཚེ་བརྟན་ལགས་ཀྱི་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་རྒྱ་གར་འཕགས་པའི་ཡུལ་དང་ལྷག་པར་དུ་གདན་ས་རུམ་བཏེག་ཏུ་ཕེབས་ཐུབ་རྒྱུའི་ཆེད་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པྲེམ་སིངྒ་རྟ་མང་མཆོག་གིས་དབུས་པས་མངའ་སྡེའི་དགོན་གནས་བློན་ཆེན་བསོད་ནམས་བླ་མ་མཆོག་དང་གཞན་འབྲེལ་ཡོད་ལས་གནས་ཆེ་ཕྲ་ཆུང་གསུམ་ཚང་མས་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་གདན་ས་རུམ་བཏེག་ལ་ཕེབས་ཐུབ་པའི་ཆེད་དུ་འབད་བརྩོན་རབ་དང་རིམ་པར་གནང་བཞིན་པའི་གནས་སྟངས་ཞིག་ཆགས་ཡོད་ཅེས་གསུངས་བྱུང་།
ཡང་འབྲས་ལྗོངས་མངའ་སྡེ་དགོན་གནས་དྲུང་ཆེ་ཟུར་པ་ཚེ་མཆོག་གླིང་རིན་པོ་ཆེ་ལགས་ཀྱིས་འབྲས་ལྗོངས་གཞུང་དམངས་གཉིས་ཀྱི་ངོས་ནས་རྒྱ་གར་དབུས་གཞུང་དང་ལྷན་དུ་རྒྱལ་དབང་ཀརྨ་པ་མཆོག་འབྲས་ལྗོངས་ནང་གང་མགྱོགས་ཕེབས་ཐུབ་པའི་ཆེད་དུ་བཀའ་མོལ་གནང་དང་གནང་བཞིན་པ་དང་། ང་ཚོ་འབྲས་ལྗོངས་མི་མང་ཚོ་ལ་ཡང་ཁོང་མགྱོགས་མྱུར་འདིར་ཕེབས་ཐུབ་པའི་རེ་བ་ཆེན་པོ་གནང་བཞིན་ཡོད་པ་གསུངས་བྱུང་།
དེ་བཞིན་འབྲས་ལྗོངས་མངའ་སྡེའི་ཆེས་མཐོའི་ཁྲིམས་དཔོན་ཟུར་པ་བསོད་ནམས་ཕུན་ཚོགས་དབང་འདུས་ལགས་ཀྱིས་ང་ཚོ་ལོ་ལྟར་བཞིན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན་ཁོང་སྐུ་ཚེ་ཡུན་རིང་བརྟན་པ་དང་ཁོང་མགྱོགས་ནས་མྱུར་དུ་འབྲས་ལྗོངས་ནང་ཞབས་སོར་འཁོད་ཐུབ་པའི་ཆེད་དུ་སྨོན་ལམ་འདེབས་བཞིན་ཡོད་ལ་རུམ་བཏེག་དགོན་པ་དེ་བཞིན་༧རྒྱལ་དབང་ཀརྨ་པ་མཆོག་གི་གདན་ས་ཆགས་ཀྱི་ཡོད་དུས་ཁོང་འདི་གར་ཕེབས་ཐུབ་པའི་ང་ཚོ་ལ་རེ་བ་དང་ཡིད་ཆེད་བརྟན་པོ་ཡོད་ཅེས་གསུངས་བྱུང་།
ཡང་མཛད་སྒོའི་ཐོག་༧སྐྱབས་རྗེ་གོོ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་རྒྱལ་དབང་མཆོག་བོད་ལུགས་ལྟར་དགུང་གྲངས་ ༤༢ ལ་ཕེབས་པའི་དགའ་སྟོན་ལ་འཚམས་འདྲི་ཞུས་གནང་པ་དང་སྦྲགས། ཁོང་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་ཐུགས་ཀྱི་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ་དང་ཁོང་མགྱོགས་ནས་མྱུར་དུ་གདན་ས་རུམ་བཏེག་ལ་ཕེབས་ཐུབ་པའི་སྨོན་འདུན་ཞུས་གནང་སོང་།
སྤྱིར་ལོ་ལྟར་༧རྒྱལ་དབང་ཀརྨ་པ་མཆོག་གི་སྐུའི་འཁྲུངས་སྐར་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་སྲུང་བརྩི་ཞུ་སྲོལ་ཡོད་ན་ཡང་ལོ་ཤས་གོང་ནས་བཟུང་༧རྒྱལ་དབང་ཀརྨ་པ་མཆོག་གིས་བཀའ་སློབ་གནང་དོན་བཞིན་རིན་པོ་ཆེ་མཆོག་གི་འཁྲུངས་ཚེས་འཁྲུལ་མེད་དེ་བོད་ཟླ་ ༥ ཚེས་ ༡ ཡིན་པ་དང་གདན་ས་མཚུར་ཕུར་འཁྲུངས་ཚེས་དེ་བོད་ལུགས་རྩི་སྲོལ་ཡོད་པ་༧སྐྱབས་རྗེ་སྒྲུབ་དཔོན་བདེ་ཆེན་སྐུ་གོང་མའི་སྐབས་ནས་བཟུང་ད་བར་ཡོད་བཞིན་པ་ལྟར། བོད་ཕྱི་ནང་ཐམས་ཅད་ནས་དེ་ལྟར་གཅིག་འགྱུར་ཕྱག་བསྟར་གནང་རྒྱུའི་དཔལ་རྒྱལ་དབང་ཀརྨ་པའི་སྤྱི་ལས་ཁང་ནས་གསལ་བསྒྲགས་གནང་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། པ་སངས་ཚེ་རིང་།
