མའེ་སོར་གྲོང་ཁྱེར་དུ་རྔམ་སྟོན་ལས་འགུལ་གནང་སྟེ་བློ་དགའ་རང་བཙན་ལཊ་ཀྱི་དགོས་འདུན་གསལ་སྟོན་གནང་པ།
བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་འདས་གྲོངས་གྱུར་ཏེ་བདུན་ཚིགས་གཉིས་པ་སྟེ་འདི་ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མི་རྣམས་ནས་ཁོང་ལ་གདུང་སེམས་མཉམ་སྐྱེད་དང་འབྲེལ་རྒྱ་ནག་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པར་ཕྱིར་འཐེན་དགོས་པ་སོགས་དགོས་འདུན་དོན་ཚན་གསུམ་སྟོན་གནང་སྟེ་མེའི་སོར་གྲོང་ཁྱེར་དུ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་གནང་ཡོད་པ་རེད་། དེ་ཡང་ཀོ་ལེ་གྷལ་དོན་ལྡན་གླིང་དབུ་མའི་ལམ་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་མཁྱེན་རབ་ལགས་ཀྱིས། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྐུལ་འདེད་ཞེས་པའི་ཁྲིམས་ཡིག་དེར་ངོས་ལེན་མེད་པས་ཕྱིར་འཐེན་དགོས་པ་དང་བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག་སྲུང་སྐྱོབ་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་ཕ་མ་དང་ཁ་བྲལ་གྱི་བཅའ་སྡོད་སློབ་གྲྭར་བཅུག་པའི་ཐབས་བྱུས་ངན་པ་དེ་ཕྱིར་བསྡུ་དགོས་པ། བོད་རང་བཙན་འཐབ་རྩོད་པ་བློ་དགའ་ལགས་ཀྱིས་རང་སྲོག་བློས་བཏང་གནང་བ་དེར་རྒྱལ་སྤྱིའི་ངོས་ནས་མུ་མཐུད་འོས་མཚམས་ཀྱི་དོ་སྣང་དང་འགན་ཁྲི་དགོས་པ་བཅས་ཀྱི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུངས་བྱུང་།
ལས་འགུལ་འདི་ནི་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་དང་། ཧོན་སུར། ཀོ་ལེ་གྷལ་བཅས་ཀྱི་དབུ་མའི་ལམ་གྱི་བོད་ཀྱི་གཞོན་ནུ་དང་། ས་གནས་བེུད་ལྷན་ཚོགས། དེ་བཞིན་མའེ་སོར་ནང་ཡོད་པའི་བོད་རིགས་སློབ་ཕྲུག་མཐུན་ཚོགས་བཅས་ཐུན་མོང་གི་གོ་སྒྲིག་འོག་ས་གནས་ཁག་དེ་དག་གི་ནང་ཡོད་པའི་ལྷན་ཚོགས་ཁག་གི་རྒྱུན་ལས་ཚོགས་མི་གཙོས་པས་བོད་མི་སེར་སྐྱ་མི་མང་ཕོན་ཆེ་ཞིག་འདུ་འཛོམས་མཉམ་ཞུགས་གནང་འདུག
ལས་འགུལ་དེ་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་རྒྱ་གར་ལྷོ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འཛིན་སྐྱོང་ཚོགས་གཙོ་ཇེ་པི་ཨར་ས་ལགས་ཀྱིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་དགོངས་བཞེད་ལམ་སྟོན་གནང་བ་དང་། བློ་དགའ་རང་བཙན་ལགས་ཀྱིས་ཞལ་ཆེམས་བཞག་པ་གཞིར་བཟུང་བོད་མི་ཚང་མ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་བྱེད་དེ་བོད་དོན་འཐབ་རྩོད་ཀྱི་ཐོག་ནུས་པ་མཉམ་སྤུངས་དགོས་པའི་སྐུལ་མ་གནང་བ་དང་། ཕྱོགས་མཚུངས་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་ནག་གཞུང་ལ་བརྡ་ལན་ཞིག་གནང་བའི་ནང་། བཙན་བྱོལ་བོད་མི་རྣམས་ནས་བོད་དོན་འཐབ་རྩོད་བརྗེད་མེད་པ་དང་བོད་ནང་གི་བོད་མིའི་བློས་བཏང་རྣམས་ཤེས་རྟོགས་ཡོད་དུས་དེའི་ཆེད་ང་ཚོས་ལས་འགུལ་སྤེལ་རྒྱུས་མཚོན་འགན་ཁྲི་ཚང་མ་འཁྱེར་རྒྱུའི་གྲ་སྒྲིག་ཡོད་ཅེས་གསུང་གི་འདུག
ལས་འགུལ་དེའི་ནང་མཉམ་བཞུགས་གནང་མཁན་སེར་བྱེས་དགེ་འདུན་པ་ཐུབ་བསྟན་ལེགས་ཚོགས་ལགས་ཀྱིས། བློ་དགའ་རང་བཙན་ལགས་ཀྱི་ཞལ་ཆེམས་ཀྱི་ནང་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ནས་བོད་སྤྱི་པའི་རྩ་དོན་ཐོག་ལས་འགུལ་གང་མང་སྤེལ་དགོས་པའི་རེ་འདུན་ལྟར་ཁོང་ནས་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་རེ་འདུན་གནང་པ་ལྟར། ཇི་སྲིད་འཚོ་བའི་བར་དུ་བོད་མི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་ཡོངས་ཐབས་དང་བོད་རང་བཙན་གྱི་ལས་འགུལ་གང་སྤྱིའི་ནང་མཉམ་ཞུགས་བྱ་རྒྱུའི་སེམས་འཁུར་ཡོད་པ་གསུང་བྱུང་།
དེ་མཚུངས་སྦེལ་ཀོབ་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་བཙུན་མ་ཕུར་བུ་སྒྲོལ་མ་ལགས་ཀྱིས་གསུང་དོན་དུ། བློ་དགའ་ལགས་ཀྱི་ཞལ་ཆེམས་ནང་བོད་མི་ནང་ཁུལ་མཐུན་སྒྲིལ་བྱ་རྒྱུ་དང་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབས་དགོས་པའི་རེ་འདུན་ལ་རྒྱབ་སྐྱོར་དང་སྦྲགས་ཁ་ནས་བཤད་པ་ཙམ་མིན་པར་དོན་དངོས་སུ་ཉིན་རེ་བྱ་གཞག་ནང་ལག་བསྟར་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་གསུང་གི་འདུག
ཡང་ཧོན་སུར་རབ་རྒྱས་གླིང་ནས་ཡིན་པ་བོད་མི་མང་སྤྱི་འཐུས་ཟུར་ཚེ་རིང་སྒྲོལ་མ་ལགས་ཀྱིས་གསུང་དོན་ལ། དེ་རིང་ལས་འགུལ་འདིའི་ནང་སོ་སོ་རང་ཉིད་ལོ་རྒས་ཏེ་འགྲོ་ཐུབ་མ་ཐུབ་ཀྱི་སྐད་ཆ་མིན་འདུག མི་གཅིག་གིས་སྲོག་བློས་བཏང་ས་ལ་ང་ཚོ་ག་རེ་བྱས་ནས་འགྲོ་ཐུབ་ཀྱི་ཡོད་མ་རེད། མ་ཤི་བར་ལས་འགུལ་གྱི་ནང་མཉམ་ཞུགས་བྱ་རྒྱུ་ཡིན་ཞེས་དང་། ད་བར་ཁོང་བོད་གཞུང་ལ་ཞབས་ཕྱི་ཞུས་ནས་བསྡད་མཁན་ཞིག་ཡིན་པར་བརྟེན། གནས་དོན་ཆུང་ཚགས་རིགས་ལ་བྱུས་ཏོག་བྱེད་མཁན་ཞིག་མིན། དེ་རིང་འདིར་མ་ལངས་རང་ལངས་ཐུགས་ཀྱི་འདུག་ཅེས་གསུང་བྱུང་།
གཞན་ཡང་ཀོ་ལེ་གྷལ་དོན་ལྡན་གླིང་ནས་བགྲེས་སོང་རྣམ་རྒྱལ་ཚེ་རིང་ལགས་ཀྱི་གསུང་ཡག་ལ། བོད་མི་གཞོན་སྐྱེས་ཚོར་བོད་དོན་ལས་འགུལ་མཉམ་ཞུགས་བྱ་རྒྱུར་མིག་དཔེ་འདྲེན་ཐབས་སུ་ཁོང་ནས་ལས་འགུལ་འདིའི་ནང་མཉམ་བཞུགས་གནང་བ་ཞིག་ཡིན་པ་དང་གཞོན་སྐྱེས་ཚོས་བོད་དོན་འཐབ་རྩོད་ཀྱི་འགན་འཁུར་བླང་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུངས་བྱུང་།
དེ་མིན་བློ་དགའ་རང་བཙན་ལགས་ཀྱིས་རེ་འདུན་གནང་པ་ལྟར་བོད་མི་ཚང་མ་རྡོག་རྩ་ཆིག་སྒྲིལ་བྱེད་དེ་བོད་སྤྱི་པའི་རྩ་དོན་གྱི་ཐོག་བོད་མི་གང་མང་མཉམ་ཞུགས་བྱ་རྒྱུར་དོ་སྣང་ཡོང་ཆེད་ཧོན་སུར་རབ་རྒྱས་གླིང་ནས་བསྟན་འཛིན་རྣལ་འབྱོར་ལགས་དང་པདྨ་ཐག་གཅོད་ལགས་རྣམ་གཉིས་ཀྱིས་ཧོན་སུར་ནས་མའེ་སོར་བར་རྒྱང་ཐག་ཀི་ལོ་མི་ཊར་ ༥༠ ཙམ་གྱི་སར་རྒྱང་རྒྱུག་གནང་སྟེ་མའེ་སོར་གྲོང་ཁྱེར་གྱི་ནང་བོད་མིའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་འདིའི་ནང་མཉམ་ཞུགས་གནང་ཡོད་པ་རེད།
ཡང་མེའི་སོར་རྒྱ་གར་བའི་ཚོང་པ་པྲ་ཤནྟ་བྷེ་དྷ་རེ་ལགས་ཀྱིས་གསུངས་དོན་དུ། བོད་ལ་རྒྱལ་ཁབ་གཅིག་གི་དགོས་མཁོའི་ཆ་རྐྱེན་ཆ་ཚང་ཡོད་པ་གཞིར་བཟུང་གི་རྒྱ་གར་གཞུང་མང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བཞིན་ཡོད་པ་ལྟར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་བྱ་དགོས་པ་རེད་ཅེས་དགོངས་འཆར་གསུང་གི་འདུགདེ་རིང་ལས་འགུལ་འདིའི་ནང་སྔར་དང་མི་འདྲ་བ་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དྷུ་མངའ་སྡེའི་ཨུ་ཊི་ནས་བོད་མི་སུད་ཚོང་བ་མི་གྲངས་ ༣༠ ཙམ་ཞིག་ལས་འགུལ་འདིའི་ནང་གལ་ཆེ་དོན་ཆེན་དུ་བརྩིས་ཏེ་མཉམ་ཞུགས་གནང་འདུག
བརྙན་པར་སྒྲིག་སྦྱོར་བ། པདྨ་དངོས་གྲུབ།
