སེཊེམ་རིག་ཚན་ཐོག་ལ་གཞོན་སྐྱེས་སྐྱེད་སྲིང་བྱེད་པར་ཤུཊ་སྐྱོན་གྱི་ཡོད་ཅེས་གསུངས་པ།

འདས་ལོ་ལྔའི་ནང་མཐོ་སློབ་ཀྱི་སློབ་ཡོན་བཞེས་མཁན་ཁོངས་སེཊེམ་རིག་ཚན་ཐོག་བསྐྱོད་མཁན་བརྒྱ་ཆ་ ༣༠ ཙམ་ཕར་འདུག

སེཊེམ་རིག་ཚན་འགྲེམས་སྟོན་བརྒྱུད་བོད་པའི་གཞོན་སྐྱེས་ཁྲོད་ཚན་རིག་པ་གང་མང་སྐྱེད་སྲིང་ཐུབ་པའི་རེ་བ་གནང་གི་ཡོད་ཅེས། ཤེས་རིག་བཀའ་བློན་མཆོག་གིས་གསུང་གི་འདུག

སློབ་མ་ས་སོ་སོར་ཚན་རིག་པ་ཆགས་ཐུབ་པའི་ནུས་པ་ཡོད་མེད་ངོས་འཛིན་ཐུབ་དགོས་གལ་ཆེ་བས། ཤེས་རིག་ལས་ཁུངས་ནས་ལོ་ལྟར་གོ་སྒྲིག་ཞུས་པའི་སེཊེམ་རིག་ཚན་འགྲེམས་སྟོན་བརྒྱུད་སློབ་མ་རྣམས་ལ་གསར་གཏོད་ཀྱི་ནུས་པ་དང་། དཔྱད་ཞིབ་ཀྱི་བསམ་བློ། ཚན་རིག་གི་ལག་ལེན་ནུས་རྩལ་བཅས་མངོན་པར་བྱེད་པའི་སྡིངས་ཆ་ཞིག་བསྐྲུན་ཏེ། བོད་པའི་སྤྱི་ཚོགས་ཁྲོད་ཚན་རིག་པ་མང་ཙམ་སྐྱེད་སྲིང་ཐུབ་པའི་ཆ་རྐྱེན་བསྐྲུན་བཞིན་ཡོད་པ། ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

འདས་ལོ་བཞིའི་ནང་ཤེས་རིག་ལས་ཁུངས་ནས་མཐོ་སློབ་ཀྱི་སློབ་ཡོན་བཞེས་མཁན་ཁོངས་རིག་ཚན་ཐོག་བསྐྱོད་མཁན་བརྒྱ་ཆ་ ༣༠ ཙམ་ཕར་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་གྲངས་ཐོར་གཞིགས་ན། སློབ་ཡོན་བཞེས་མཁན་གྱི་སློབ་མའི་ཁྲོད་ཕྱི་ལོ་ ༢༠༢༡ ནས་ ༢༢ བར་སློབ་མ་ ༡༠༦༡ ནས་རིག་ཚན་གྱི་མདུན་ལམ་ཐོག་ལ་གཉེར་ཆེད་མཐོ་སློབ་འགྲིམས་མཁན་ ༤༢༠ བྱས་ཏེ་བརྒྱ་ཆ་ ༤༠ ཙམ་བྱུང་ཞིང་། ཕྱི་ལོ་ ༢༠༢༤ ནས་ ༢༥ བར་སློབ་ཡོན་བཞེས་མཁན་ ༡༢༠༡ ནས་རིག་ཚན་ཐོག་བསྐྱོད་མཁན་ ༨༢༧ བྱུང་སྟེ་བརྒྱ་ཆ་ ༦༨ ཙམ་བྱས་ཏེ་བརྒྱ་ཆ་ ༣༠ མིན་ཙམ་ཞིག་ཕར་ཡོད་པ་རེད། སེཊེམ་རིག་ཚན་གྱི་སློབ་མ་ཚོར་ཚན་རིག་དང་། འཕྲུལ་རིག བཟོ་རིག རྩིས་རིག་གི་ཐོག་ལ་མདུན་ལམ་འཚོལ་སྙེགས་བྱེད་ཀྱི་ཡོད་པ་རེད།

རྡ་ར་ས་ལར་སེཊེམ་རིག་ཚན་གྱི་འགྲེམས་སྟོན་འཚོགས་པ། ༢༠༢༦།༠༧།༡༧
འཛིན་རིམ་ ༩ པའི་སློབ་མ་རྩེ་ཕུད་ཁྲོད་ནས་རིག་ཚན་གྱི་འགྲེམས་སྟོན་ནང་ཞུགས་པ། རྡ་ར་ས་ལར་སེཊེམ་རིག་ཚན་གྱི་འགྲེམས་སྟོན་འཚོགས་པ། ༢༠༢༦།༠༧།༡༧ (RFA Tibetan)

འགྲེམས་སྟོན།

ཐེངས་འདིར་རྡ་རམ་ས་ལར་སེཊེམ་འགྲེམས་སྟོན་ཐོག་བོད་པའི་སློབ་གྲྭ་ཁག་གི་སློབ་མ་རང་རང་སོ་སོའི་སྒྱུ་རྩལ་སྣ་མང་འགྲེམས་སྤེལ་གནང་འདུག་པ་ལས། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་འབྲེལ་བའི་འཕྲུལ་རིགས་མཉེན་ཆས་གསར་བཟོ་གནང་མཁན་ཡང་མང་པོ་མཐོང་རྒྱུ་འདུག་ཅིང་། སྤྱི་ཚོགས་ཞབས་འདེགས་དཔེར་ན་ཆུ་གློག་གསོག་འཇོག་དང་ཆུད་ཟོས་སུ་མི་འགྲོ་བའི་ཐབས་སུ་ཕན་རླབས་ཆེ་བའི་འཕྲུལ་རིགས་གསར་བཟོའི་དཔེ་མཚོན་ཡང་མང་པོ་འདུག

དེ་ལས་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་དབང་ལགས་ཀྱིས་ཀ་སྦྱོང་ཞེས་པའི་མཉེན་ཆས་གསར་བཟོའི་བརྒྱུད་བོད་པའི་གཞོན་སྐྱེས་རྣམས་ཀྱིས་དེང་དུས་འཕྲུལ་རིག་བཀོལ་སྤྱོད་ཆེ་བའི་དུས་སྐབས་སུ། བོད་ཀྱི་སྐད་ཡིག་སྟབས་བདེ་སྦྱོང་ཐབས་ལ་དམིགས་ཡོད་པ་གསུང་གི་འདུག་ཅིང་། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་པདྨ་དབྱངས་སྒྲོན་ལགས་ཀྱིས་ཀྱང་བོད་ཡིག་སྲུང་སྐྱོབ་ཅེས་པའི་མཉེན་ཆས་ཤིག་གསར་བཟོ་གནང་འདུག་པ་དང་། དེས་བོད་ཀྱི་ཡི་གེ་སྒྲ་རུ་ཕབ་ཐུབ་ཅིང་། དཔེར་ན་གྷུ་གྷལ་ནང་བོད་ཡིག་བསྒྱུར་ཐུབ་ཀྱང་དབྱིན་ཡིག་ལྟ་བུ་སྐད་ཡིག་གཞན་ལྟར་སྒྲ་ཉན་མི་ཐུབ་པས། རྒྱུ་མཚན་དེར་བརྟེན་ནས་མཉེན་ཆས་དེ་བཞིན་བཟོ་སྐྲུན་བྱས་པ་ཞིག་ཡིན་པས། བོད་ཀྱི་སྐད་ཡིག་ལ་ཕན་རླབས་ཆེ་བ་ཞིག་ཐུབ་པའི་རེ་བ་གནང་གི་འདུག

ཡང་ཅན་དྷྲ་གྷི་རི་སཾ་བྷོ་ཊ་སློབ་གྲྭའི་སློབ་མ་བསྟན་འཛིན་པ་སངས་ལགས་ཀྱིས། མི་མིག་ལོང་བ་དང་རྣ་བ་འོན་པ་རྣམས་ཀྱི་ཆེད་དུ་ཁར་རྒྱུག་ཅིག་བཟོ་སྐྲུན་གནང་འདུག དེ་ཡང་ཁོང་གིས་རྟག་པར་སློབ་གྲྭར་བསྐྱོད་སྐབས་རྒྱ་གར་ཉམ་ཐག་མིག་ལོང་བ་ཞིག་མཐོང་གི་འདུག་པས། ཐེངས་ཤིག་རྒན་ལགས་ཀྱིས་སེཊེམ་འགྲེམས་སྟོན་སྐབས་མི་གཞན་ལ་ཕན་ཐོགས་སྒྲུབ་ཐུབ་པའི་དངོས་པོ་ཞིག་བསམ་བློ་གཏོང་དགོས་པ་གསུངས་མ་ཐག་དེ་དྲན་སོང་བས། ཁར་རྒྱུག་དེ་ཡང་ལམ་དུ་བསྐྱོད་སྐབས་སུ་རྡབ་སྐྱོན་མི་འགྲོ་བ་སོགས་ཀྱི་ཆེད་དུ་ཡིན་པ་རེད་འདུག

གཞན་སློབ་མ་རྣམས་ཀྱིས་ཐེངས་འདིར་གད་སྙིགས་བསྲེགས་ཏེ་གློག་གསོག་འཇོག་དང་རྩིས་ཆས། དེ་བཞིན་རྩི་ཤིང་འདེབས་ལས་སྐབས་ཆུ་གསོག་འཇོག་གི་ཐབས་ལམ་སོགས་དང་འབྲེལ་བའི་འཕྲུལ་ཆས་ཁག་ཅིག་བཟོ་སྐྲུན་གནང་འདུག

རིག་ཚན་ཐོག་མདུན་ལམ།

སེཊེམ་རིག་ཚན་འགྲེམས་སྟོན་དེའི་ཐོག་ཟུར་དཔང་དུ་ཕེབས་པ་ (Molecular Virologist) ཞེས་འདུས་རྡུལ་གཉན་སྲིན་རིག་པའི་ཚན་རིག་པ་འབུམ་རམས་པ་འཇིགས་མེད་དབང་ཕྱུག (NCBS) ལགས་ཀྱིས། ཚན་རིག་གིས་སྤྱི་ཡོངས་ནས་རྒྱལ་ཁབ་ཡར་རྒྱས་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་གོང་འཕེལ་སོགས་ལ་ཁེ་ཕན་ཤིན་ཏུ་ཆེ་བས། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་བོད་ཕྲུག་ཚོས་ཚན་རིག་སློབ་སྦྱོང་བརྒྱུད་སྨན་ཞབས་པ་ལྟ་བུ་ཁོ་ནར་མ་དམིགས་པར། ཚན་རིག་པ་དང་བཟོ་སྐྲུན་ལས་རིགས་པ་ཞིག་ཏུ་གྱུར་ཐུབ་ཐབས་ལ་འབད་བརྩོན་དགོས་པ་སོགས། ཚན་རིག་བརྒྱུད་མདུན་ལམ་གང་ལེགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྩ་བའི་འདི་ལོར་བོད་སློབ་ཁག་ ༢༠ ནས་འགྲེམས་སྟོན་གྲངས་ ༡༣༩ ཤེས་རིག་ལས་ཁུངས་སུ་ཕུལ་བ་ལྟར། ཤེས་རིག་ལས་ཁུངས་ཀྱིས་དཔྱད་ཞིབ་གནང་འབྲས་སུ་སློབ་གྲྭ་ཁག་ ༡༦ ནས་འགྲེམས་སྟོན་གྲངས་ ༤༢ བདམས་འདུག འགྲེམས་གཟུགས་གྲངས་ ༤༢ ནང་ནས་དྲག་གྲས་གྲངས་བཅུ་གསུམ་རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་སྦྱོང་བརྡར་ཁང་དུ་ཕུལ་ཏེ། རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་སྦྱོང་བརྡར་ཁང་ནས་འགྲེམས་གཟུགས་དེ་དག་ལ་དཔྱད་ཞིབ་ཀྱིས་དྲག་པ་རྣམས་འདེམས་སྒྲུག་གནང་གི་ཡོད་པ་རེད་འདུག

ཁ་སྣོན་གསར་འགོད། བཀྲ་དབང་།

ཁ་སྣོན་གསར་འགོད་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།