རྡ་སར་བློ་དགའ་རང་བཙན་ལཊ་སུ་རྗེས་དྲན་དང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བ།

བློ་དགའ་རང་བཙན་ལགས་ཀྱི་བློས་བཏང་ལ་རྗེས་དྲན་ཞུ་བཞིན་བོད་མི་རྣམས་ཀྱིས་དམ་པ་ཁོང་གི་ཁ་ཆེམས་ལ་ཤར་བསྐྱོད་གནང་དགོས་གལ་ཆེན་པོ་ཡིན་པ་གསུང་གི་འདུག

བློ་དགའ་རང་བཙན་ལགས་ཀྱི་བློས་བཏང་ལ་རྗེས་དྲན་ཞུ་བཞིན་བོད་མི་རྣམས་ཀྱིས་དམ་པ་ཁོང་གི་ཁ་ཆེམས་ལ་ཤར་བསྐྱོད་གནང་དགོས་གལ་ཆེན་པོ་ཡིན་པ་གསུང་གི་འདུག

བློ་དགའ་རང་བཙན་ལགས་ཀྱིས་ཕྱི་ཟླ་ ༧ ཚེས་ ༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་མདུན་དུ་བོད་དོན་ཆེེད་དུ་རང་ལུས་མེར་བསྲེགས་གནང་སྟེ། ད་ལྟའི་ཆར་བདུན་ཚིགས་གཉིས་ཕྱིན་ཚར་བའི་དུས་སྐབས་འདིར། བོད་མི་རྣམས་ཀྱིས་དམ་པ་ཁོང་གི་ཁ་ཆེམས་རྣམས་གཏིང་བརྗེད་དུ་གཏང་རྒྱུ་མིན་པའི་ཁས་ལེན་གནང་གི་འདུག

རྡ་རམ་ས་ལར་བོད་མི་ཚོས་རྔམ་སྟོན་ཁྲོམ་སྐོར་གནང་པ། ༢༠༢༦།༠༧།༡༨
རྡ་སའི་མི་མང་གིས་ངོ་རྒོལ་གནང་པའི་སྐབས། རྡ་རམ་ས་ལར་བོད་མི་ཚོས་རྔམ་སྟོན་ཁྲོམ་སྐོར་གནང་པ། ༢༠༢༦།༠༧།༡༨ (RFA Tibetan)

དེ་ཡང་བསྟན་འཛིན་རང་གྲོལ་ལགས་ཀྱིས། བློ་དགའ་ལགས་ཀྱིས་གསུངས་པ་བཞིན་ང་ཚོས་ཆོལ་ཁ་ཆོས་ལུགས་དང་རྩོད་རེས་མི་བྱེད་པར་བོད་པ་གཅིག་འགྱུར་ཡིན་པའི་འདུ་ཤེས་བསྐྲུན་ཐོག བོད་དོན་ཕྱག་ལས་རྒྱུན་སྲིང་ཐོག་གནང་གལ་ཆེ་བ་གསུང་གི་འདུག་ལ། བསྟན་འཛིན་ཚེ་རིང་ལགས་ཀྱིས། བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་དང་ཉམས་པ་སླར་གསོ། དེ་བཞིན་ཁོང་གི་ཁ་ཆེམས་ལྟར་དུ་ངའི་བསམ་པར་ད་ལྟའི་ཆར་བོད་མི་རྣམས་ལངས་ཕྱོགས་མི་འདྲ་བར་བརྟེན་ནས་ཁ་འཐོར་དུ་གནས་ཡོད་པར་སྣང་བས། གཙོ་བོ་བོད་མི་རིགས་མཐུན་སྒྲིལ་བྱ་དགོས་གལ་ཆེ་བ་གསུང་གི་འདུག

ཡང་བསྟན་འཛིན་པདྨ་ལགས་ཀྱིས། བློ་དགའ་ལགས་ཀྱིས་བོད་དོན་ཆེད་དུ་རང་སྲོག་བློས་བཏང་གནང་བར་སེམས་ཧ་ཅང་ཕམ་གི་འདུག་པས། བོད་མི་རྣམས་ཀྱིས་ཆིག་སྒྲིལ་གྱི་ནུས་པ་སྟོན་རྒྱུའི་དུས་ལ་བབ་ཡོད་པ་གསུང་གི་འདུག་ཅིང་། ལྷ་སྒྲོན་ལགས་ཀྱིས། བློ་དགའ་ལགས་ཀྱིས་བོད་རྩ་དོན་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་བ་བཞིན། བོད་མི་ཚང་མས་ཁོང་གི་ཁ་ཆེམས་ལག་བསྟར་གནང་དགོས་གལ་ཆེ་བས། གཙོ་ཆེ་ཤོས་ཁོང་གི་ཁ་ཆེམས་ལྟར་དུ་བོད་མི་རྣམས་རྡོག་རྩ་ཆིག་སྒྲིལ་དགོས་རྒྱུ་གལ་ཆེ་ཞེས་གསུང་གི་འདུག

རྡ་རམ་ས་ལར་བོད་མི་ཚོས་སྤུར་སྒྲོམ་བསྣམས་ཏེ་རྔམ་སྟོན་ཁྲོམ་སྐོར་གནང་པ། ༢༠༢༦།༠༧།༡༨
གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གིས་རྔམ་སྟོན་ལས་འགུལ་སྤེལ་བ། རྡ་རམ་ས་ལར་བོད་མི་ཚོས་སྤུར་སྒྲོམ་བསྣམས་ཏེ་རྔམ་སྟོན་ཁྲོམ་སྐོར་གནང་པ། ༢༠༢༦།༠༧།༡༨ (RFA Tibetan)

བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ཐུན་མོང་གིས་གོ་སྒྲིག་འོག བློ་དགའ་རང་བཙན་ལགས་ལ་རྗེས་དྲན་དང་རྒྱ་ནག་གཞུང་ལ་ངོ་རྒོལ་གི་ལས་འགུལ་དེའི་ཐོག བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཕོན་ཆེ་ཞིག་གིས་སྟོད་གོས་ནག་པོ་གྱོན་ཏེ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཆགས་པའི་རླངས་འཁོར་བབ་ཚུགས་ནས་ཀ་ཅ་རིར་རྟེན་གཞི་བྱས་པའི་རྡ་སའི་ཉེན་རྟོག་ཐང་ཆེན་བར་གོམ་བགྲོད་ཀྱི་ལས་འགུལ་གནང་སོང་ལ། ད་ཐེངས་ཀྱི་སྐད་འབོད་ལས་འགུལ་དེས། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་བློས་བཏང་གནང་བར་ཆེ་མཐོང་ངོས་འཛིན་དང་། ཇེ་ཞེན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་གི་གནས་སྟངས་སྐོར་གླེང་སློང་དང་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར། ལྷག་པར་དུ་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཀྱི་ཁྲིམས་ཡིག་ཟེར་བ་དེ་ཕྱིར་འཐེན་དགོས་པའི་དགོས་འདུན་བཏོན་གྱི་འདུག

གཞན་ཡང་ཐེངས་འདིའི་བཞུགས་སྒར་དུ་གནང་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྐབས། བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་འབོད་སྒྲ་སྒྲོག་གིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ཀྱིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལྟར་དུ་པར་སྐྲུན་བྱས་པའི་འདྲ་བཤུས་ཤིག མང་ཚོགས་ཀྱི་མདུན་དུ་མེར་བསྲེགས་བཏང་སྟེ་ཁྲིམས་ཡིག་དེར་ངོས་ལེན་མེད་ཅེས་སྐད་སྒྲ་མགྲིན་གཅིག་ཏུ་བསྒྲགས་སོང་།

རྡ་སྟེང་ནས་རྡ་ཤོད་ཀ་ཅེ་རི་ཐང་ཆེན་བར་གོམ་བགྲོད་གནང་སྐབས། ༢༠༢༦།༠༧།༡༨
རྡ་ས་ཀ་ཅེ་རི་སྐོར་སྲུང་བའི་ཐང་ཆེན་དུ་བོད་མི་རྔམ་སྟོན་ལས་འགུལ་བ་འདུ་འཛོམས་བྱས་སྐབས། རྡ་སྟེང་ནས་རྡ་ཤོད་ཀ་ཅེ་རི་ཐང་ཆེན་བར་གོམ་བགྲོད་གནང་སྐབས། ༢༠༢༦།༠༧།༡༨ (RFA Tibetan)

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལར་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༧ པ་ནས་ཆུ་ཚོད་ ༢༤ ཡི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་གནང་རྒྱུ་ཡིན་འདུག་ཅིང་། ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་བཞིན་ཟླ་གཅིག་མ་ཟིན་ཙམ་མུ་མཐུད་དེ། དེའི་ནང་ཉིན་རེ་བཞིན་བོད་མི་ཚོགས་ཁག་མི་འདྲ་བ་རེ་ནས་མཉམ་ཞུགས་གནང་རྒྱུ་ཡིན་འདུག དེ་རྗེས་ས་གནས་གཞན་གྱི་ནང་དུའང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་བཞིན་སྤེལ་རྒྱུ་ཡིན་པ་གཞོན་ལྷན་ཚོགས་གཞོན་གྱིས་ཐེངས་འདིའི་ལས་འགུལ་གྱི་མཇུག་ཏུ་གསུངས་སོང་། གཞན་ཡང་ད་ལྟའི་ཆར་འཛམ་གླིང་ས་ཕྱོགས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་དམ་པ་ཁོང་ལ་རྗེས་དྲན་གྱི་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་པ་རེད་འདུག

པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།