རྡ་སར་རྒྱལ་གཅེས་དཔའ་བོའི་མངོན་འདོད་རྒྱུན་མཐུད་ཅེས་པའི་ཟས་བཅད་ངོ་རྒོལ།

རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་དང་བོད་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཞིན་པར་ངོ་རྒོལ་གནང་སོང་།

རྡ་སར་རྒྱུན་མཐུད་ཟས་བཅས་ལས་འགུལ་འགོ་འཛུགས་དང་འབྲེལ་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་དང་བོད་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཞིན་པར་ངོ་རྒོལ་གནང་སོང་།

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༩ ནས་འགོ་འཛུགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལར་རྒྱལ་གཅེས་དཔའ་བོའི་མངོན་འདོད་རྒྱུན་མཐུད་ཟས་བཅད་ངོ་རྒོལ་ཞེས། རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་ངོ་རྒོལ་དང་། བོད་མི་བློ་དགའ་རང་བཙན་ལགས་ཀྱི་བློས་བཏང་ལ་རྗེས་དྲན་ཞུ་ཕྱིར། ཆུ་ཚོད་ ༢༤ ཡི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་འགོ་འཛུགས་གནང་ཡོད་ཅིང་། ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་གྱི་ལས་འགུལ་བ་རྣམས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལ་ངོ་རྒོལ་མཐའ་གཅིག་ཏུ་གནང་ཐོག ཉེ་ལམ་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལག་བསྟར་འགོ་བཙུགས་ཀྱི་ཆ་ཤས་སུ་བླ་རུང་སྒར་དུ་གྲྭ་ཤག་སྟོང་ལྷག་བཤིག་རྒྱུའི་ལས་འགུལ་གསར་པ་འགོ་བཙུཊ་ཏེ་དམ་དྲག་བྱེད་བཞིན་པར་ངོ་རྒོལ་གསལ་སྟོན་གནང་གི་འདུག

དེ་ཡང་སྤྱི་འཐུས་མགོན་པོ་དོན་གྲུབ་ལགས་ཀྱིས། འདས་པའི་ལོ་དྲུག་བཅུ་ལྷག་ནས་རྒྱ་ནག་གཞུང་གིས་བོད་ནང་དུ་མི་རིགས་དང་སྐད་ཡིག་ཆོས་དང་བཅས་པ་རྩ་གཏོར་གྱི་སྲིད་བྱུས་སྣ་མང་ལག་བསྟར་བྱེད་བཞིན་པ་དེའི་ཐོག ཉེ་ལམ་དེ་འབྲེལ་གྱི་ཁྲིམས་དངོས་སུ་ལག་བསྟར་བྱེད་བཞིན་པར་བློ་འཚབ་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་བ་དང་སྦྲགས། ལས་འགུལ་དེའི་བརྒྱུད་རྒྱ་ནག་གཞུང་ལ་བོད་དོན་འཐབ་རྩོད་ཐོག་རྒྱ་ནག་གཞུང་ངོས་ནས་བཟང་ཕྱོགས་ཀྱི་འགྱུར་བ་མ་གཏང་གི་བར། བོད་ཕྱི་གནང་གཉིས་ནས་འཐབ་རྩོད་གནང་རྒྱུ་དང་། ལས་འགུལ་སྤེལ་རྒྱུ་བཅས་རྒྱུན་སྲིང་དགོས་གལ་ཆེ་བ་གསུང་གི་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས། ད་ལྟའི་ཆར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་གྲྭ་ཤག་གཏོར་སྐྱོན་བྱེད་བཞིན་པའི་གནས་སྟངས་ནི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་གཞིར་བཞག་གིས་བྱེད་བཞིན་ཡོད་པས། བཙན་བྱོལ་ནང་གི་བོད་མི་ཚང་མས་དེར་ངོ་རྒོལ་ཡོད་ཅིང་ཁྲིམས་འཆར་དེ་ནུས་མེད་བཏང་དགོས་པའི་རེ་འདུན་བཏོན་བཞིན་ཡོད་པ་གསུང་གི་འདུག་ལ། གཞོན་ལྷན་དབུས་རྒྱུན་ཟུར་པ་སྤེན་པ་ལགས་ཀྱིས། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཞེས་ཕྱིའི་རྣམ་པ་ནས་མཛེས་སྡུག་ལྡན་པ་ཞིག་ཏུ་མངོན་ཡང་། དོན་དངོས་སུ་བོད་མི་རིགས་གཏོར་བཤིག་ཏུ་གཏོང་བའི་སྲིད་བྱུས་ངན་པ་ཞིག་སྤེལ་བཞིན་ཡོད་པས། བླ་རུང་སྒར་གྱི་གནས་སྟངས་ཡང་ཁྲིམས་འཆར་དེའི་ཁོངས་སུ་ཚུད་ཡོད་པར་བརྟེན་དེར་ངོས་ལེན་མེད་ཅིང་། ཐེངས་འདིར་ངས་ཟས་བཅད་ངོ་རྒོལ་འདིའི་ཐོག་མཉམ་ཞུགས་དགོས་པའི་རྒྱུ་མཚན་གཅིག་ནི་དེ་ཆགས་ཀྱི་ཡོད་ཅེས་གསུང་གི་འདུག

རྩ་བའི་རྒྱ་ནག་གཞུང་གིས་བོད་ཀྱི་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དུ་གྲྭ་བཙུན་གྱི་བཞུགས་ཤག་ཉུང་མཐར་ ༡༠༦༠ ལྷག་བཤིག་རྒྱུའི་ལས་འགུལ་གསར་པ་ཞིག་འགོ་བཙུགས་ཡོད་པ་དང་། ཟླ་ ༧ ཚེས་ ༡༣ ཙམ་ནས་འགོ་འཛུགས་ཀྱིས། ཟླ་ ༧ ཚེས་ ༡༥ བར་དུ་བཞུགས་ཤག་ ༦ བཤིག་ཚར་པ་དང་། ད་རེས་ཀྱི་ལས་འགུལ་ནང་གྲྭ་བཙུན་གྱི་བཞུགས་ཤག་ཉུང་མཐར་ ༡༠༦༠ ལྷག་བཤིག་རྒྱུ་ཡིན་པ་རེད་འདུག མ་ཟད་ཡང་རང་གི་བདེ་འཇགས་ཆེད་མིང་བཏོན་གནང་འདོད་མེད་པའི་བོད་ནང་གི་མི་སྣ་ཞིག་གིས། གསེར་རྟ་བླ་རུང་སྒར་གྱི་གནས་སྟངས་ནི་རིམ་པ་བཞིན་རྒྱ་ནག་གཞུང་གི་སྟངས་འཛིན་དམ་དྲག་ཆེ་རུ་ཕྱིན་པ་ཞིག་དང་། གྲ་བཙུན་གྱི་བཞུགས་ཤག་གཏོར་རྒྱུ་འདི་གཞུང་གི་འཆར་གཞིའི་ནང་ཡོད་པ་ཞིག་དང་། དེ་སྔ་དང་མི་འདྲ་བར་མངོན་གསལ་མེད་པའི་ཐོག་ནས་བཤིག་གི་ཡོད་པ་དང་། གྲ་ཤག་གཏོར་རྒྱུའི་ས་ཁོངས་སུ་ཚུད་པའི་དགེ་འདུན་པ་ཚོ་ནི་རང་ཉིད་ཀྱིས་ཁང་པ་འཚོལ་དགོས་ཀྱི་ཡོད་པས། མུ་མཐུད་འདི་ལྟར་བཤིག་གཏོར་གྱི་འཆར་གཞི་འདི་རྒྱ་ཆེ་རུ་གཏོང་བ་ཡིན་ཚེ། དགེ་འདུན་པ་ཚོ་བཞུགས་སར་དཀའ་ངལ་འཕྲད་སྲིད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

རྒྱལ་གཅེས་དཔའ་བོའི་མངོན་འདོད་རྒྱུན་མཐུད་ཟས་བཅད་ངོ་རྒོལ་ཞེས་པའི་ལས་འགུལ་དེ་བཞིན་བཞུགས་སྒར་རྡ་རམ་ས་ལར་ཟླ་བ་གཅིག་ལྷག་ཙམ་རིང་གནང་རྒྱུ་ཡིན་འདུག་ཅིང་། དེའི་ནང་གཞོན་ལྷན་དབུས་རྒྱུན་ཟུར་པ་དང་། དེ་རྗེས་གཞོན་ལྷན་ལས་ཐོག་རྒྱུན་ལས། དེ་ནས་རིམ་པས་ཚོགས་པ་སྐྱིད་སྡུག་གཞན་ཁག་དང་མང་ཚོགས་ནས་རིམ་པས་ཆུ་ཚོད་༢༤ཡི་ཟས་བཅད་ངོ་རྒོལ་གནང་རྒྱུ་ཡིན་པ་རེད་འདུག་ལ། ལས་འགུལ་དེ་བཞིན་གཞི་རྒྱ་ཆེ་བ་དང་རྒྱལ་སྤྱིའི་རང་བཞིན་ཅན་ཞིག་ཡིན་ཏེ། བཞུགས་སྒར་དུ་གྲུབ་རྗེས་རིམ་པས་གཞོན་ལྷན་ཡོད་སའི་ས་གནས་ཡོངས་ཀྱི་ནང་མུ་མཐུད་ལས་འགུལ་དེ་སྤེལ་རྒྱུ་ཡིན་པ། གཞོན་ལྷན་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གསུངས་བྱུང་།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།