ཀ་ལོན་སྦུག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གནང་པ།

བོད་པའི་གཞོན་སྐྱེས་ཚོས་སྤྱི་ཚོགས་དྲ་ལམ་གྱི་དུས་རབས་འདིར་དྲ་ཐོག་ནས་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་རེད་ཅེས་གསུངས་པ།

ཀ་ལོན་སྦུག་ཁུལ་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཀ་ལོན་སྦུག་ཁྲོམ་གཞུང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ།

ཉེ་ལམ་ཨ་རི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་བའི་རྗེས་འཛམ་གླིང་ས་ཕྱོགས་གང་སར་བོད་མི་གཙོས་བོད་དོན་རྒྱབ་སྐྱོར་བ་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ནས་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་པ་ལྟར། རྒྱ་གར་བྱང་ཤར་ནུབ་སྦང་གྷལ་གྱི་ཀ་ལོན་སྦུག་ཁུལ་དུའང་ཀ་སྦུག་ས་གནས་གཞོན་ནུ་ལྷན་ཚོགས་དང་ས་གནས་བུད་མེད་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་འོག་ཕྱི་ཟླ་ ༧ ཚེས་ ༢༦ ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བློ་དགའ་རང་བཙན་དམ་པ་ཁོང་ལ་རྗེས་དྲན་ཞུ་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་གནང་སོང་། སྐབས་དེར་ཀ་སྦུག་ས་གནས་གཞོན་ནུའི་དྲུང་ཆེ་ལེགས་བཟང་ལགས་ཀྱིས། ཁོང་གཞོན་སྐྱེས་ཞིག་ཡིན་པའི་ཆ་ནས་ད་ལྟའི་དྲ་རྒྱའི་དུས་རབས་འདིར་སྤྱི་ཚོགས་དྲ་རྒྱའི་ལམ་ནས་བོད་ནང་གིས་དངོས་ཡོད་གནས་སྟངས་སྐོར་ཁྱབ་སྤེལ་གང་མང་གནང་རྒྱུ་དེ་བོད་པའི་གཞོན་སྐྱེས་ཚང་མའི་ལས་འགན་ཆགས་ཀྱི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བློ་དགའ་རང་བཙན་ལགས་སུ་གདུང་སེམས་མཉམ་སྐྱེད་ཀྱི་རྔམ་སྟོན་ལས་འགུལ་གནང་སྐབས། ༢༠༢༦།༠༧།༢༦
ཀ་ལོན་སྦུག་ཏུ་རྔམ་སྟོན་ངོ་རྒོལ་གནང་པ། བློ་དགའ་རང་བཙན་ལགས་སུ་གདུང་སེམས་མཉམ་སྐྱེད་ཀྱི་རྔམ་སྟོན་ལས་འགུལ་གནང་སྐབས། ༢༠༢༦།༠༧།༢༦ (ཀ་སྦུག་ས་གནས་གཞོན་ནུ་ལྷན་ཚོཊ།)

ཡང་ད་རེས་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་སློབ་དགེ་ཚུལ་ཁྲིམས་དཔལ་ལྡན་ལགས་ཀྱིས། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་མངོན་འདོད་དང་། རེ་བ། འབོད་སྐུལ་རྣམས་སེམས་ལ་བཅངས་པའི་ཐོག་བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་གནང་པ་ཡིན་ན་བོད་དོན་བདེན་མཐའ་གང་མགྱོག་གསལ་རྒྱུ་ཡིན་པ་གསུངས་གནང་སོང་།

བློ་དགའ་རང་བཙན་དམ་པ་ཁོང་ལ་རྗེས་དྲན་ཞུ་ཆེད་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ཀ་སྦུག་ས་གནས་གཞོན་ནུའི་གོ་སྒྲིག་འོག་ཀ་ལོན་སྦུག་གྲོང་ཁྱེར་ནས་ལ་ཝ་ས་གནས་བར་སྦག་སྦག་སྐོར་སྐྱོད་ཀྱི་ལམ་ནས་བོད་དོན་དྲིལ་སྒྲགས་ཀྱི་ལས་འགུལ་ཞིག་སྤེལ་གནང་རྒྱུ་ཡིན་འདུག

ཡང་སྒང་ཏོག་ས་གནས་གཞོན་ནུའི་སྣེ་འཁྲིད་འོག་བློ་དགའ་རང་བཙན་དམ་པ་ཁོང་གིས་ཞག་བཞི་བཅུ་ཞེ་དགུའི་ཉིན་མོ་དང་ལྟབས་སྟུན་ཀོལ་ཀ་ཏར་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་གི་མདུན་དུ་ཞི་རྒྱ་ཆེ་བའི་རྔམ་སྟོན་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་དང་། སྒང་ཏོག་ས་གནས་གཞོན་ནུའི་ཚོགས་གཙོ་བྷོ་ཊི་ཡ་ཆུང་ཆུང་ལགས་ཀྱིས། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་དམ་པ་ཁོང་གིས་ཞལ་ཆེམས་བཞག་གནང་པ་ལྟར་བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་དང་། རང་གྱི་བུ་ཕྲུག་ལ་བོད་པའི་སྐད་ཡིག་སློབ་འཁྲིད་གནང་རྒྱུ། རིག་གཞུང་དང་། བོད་ཀྱི་ལོ་རྒྱུས་སྐོར་ངེས་པར་དུ་སློབ་ཁྲིད་གནང་གལ་ཆེ་བའི་སྐོར་གསུངས་གནང་སོང་ལ། ཁོང་གིས་ཀོལ་ཀ་ཏར་ལས་འགུལ་སྤེལ་རྒྱུ་འདིའི་ནང་བྱང་ཤར་ཁུལ་གྱི་ས་གནས་ཚང་མར་འབྲེལ་བ་གནང་བཞིན་ཡོད་པ་གསུངས་བྱུང་།

དེ་བཞིན་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་དང་། སྒང་ཏོག ར་སྦང་ལ། ཤི་ལོང་། མོན་རྟ་དབང་། འབུམ་སྡེ་ལ་དང་བསྟན་འཛིན་སྒང་བོད་མིའི་གཞིས་སྒར་ཁུལ་དུའང་བོད་མི་ཚོས་བློ་དགའ་རང་བཙན་དམ་པ་ཁོང་གིས་ཆེད་དུ་སྨོན་ལམ་གསོག་སྒྲུབ་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སོགས་སྤེལ་མུས་རེད་འདུག

བརྙན་པར་སྒྲིག་སྦྱོར་བ། པ་སངས་ཚེ་རིང་།