ཨོ་ཌི་ཤ་མངའ་སྡེའི་སྦི་ཇེ་པི་འགོ་ཁྲིད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་ཅེས་བསྒྲགས།

ཨོ་ཌི་ཤ་མངའ་སྡེའི་རྒྱལ་སར་ས་གནས་བེུད་ལྷན་ཚོཊ་ཀྱིས་སྣེ་ཁྲིད་འོག་བོད་དོན་ལས་འགུལ་སྤེལ་ཞིང་། ས་གནས་ཀྱི་བརྒྱུད་ལམ་ཁག་ལ་བོད་དོན་དྲིལ་བསྒྲགས་གནང་པ།

ཨོ་ཌི་ཤ་མངའ་སྡེའི་རྒྱལ་སར་ས་གནས་བེུད་ལྷན་ཚོཊ་ཀྱིས་སྣེ་ཁྲིད་འོག་བོད་དོན་ལས་འགུལ་སྤེལ་ཞིང་། ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ལ་བོད་དོན་དྲིལ་བསྒྲགས་གནང་པ་དང་། ཨོ་ཌི་ཤ་མངའ་སྡེའི་སྦི་ཇེ་པི་འགོ་ཁྲིད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་ཅེས་གསལ་བསྒྲགས་གནང་འདུག

རྒྱ་གར་དབུས་ཤར་ཨོ་ཌི་ཤ་མངའ་སྡེའི་རྒྱལ་ས་བྷུབ་ནེཤ་ཝར་དུ་ས་གནས་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ས་མིར་མོ་ཧན་ཀྲི་ལགས་ཀྱིས་རྒྱ་གར་གསར་འགོད་པ་རྣམས་ལ་ཉེ་ཆར་ཨ་རི་གྲོང་ཁྱེར་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་བོད་མི་བློ་དགའ་རང་བཙན་ལགས་ཀྱི་བོད་དོན་ཆེད་རང་ལུས་མེར་བསྲེག་བཏང་ཏེ་འདས་གྲོངས་སུ་འགྱུར་པའི་གནས་ཚུལ་ངོ་སྤྲོད་གནང་པ་དང་མཉམ། བོད་དོན་ཐོག་ལ་རྒྱབ་སྐྱོར་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད།

བློ་དགའ་རང་བཙན་ལགས་ལ་གདུང་སེམས་མཉམ་སྐྱེད་དང་བོད་དོན་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་པ། ༢༠༢༦།༠༧།༢༩
ཨོ་ཌི་ཤ་ས་གནས་སྦི་ཇེ་པི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ས་མིར་མོ་ཧན་ཀྲི། བློ་དགའ་རང་བཙན་ལགས་ལ་གདུང་སེམས་མཉམ་སྐྱེད་དང་བོད་དོན་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་པ། ༢༠༢༦།༠༧།༢༩ (RFA Tibetan)

དེ་ཡང་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་ཉེ་ཆར་བོད་དོན་ཆེད་རང་སྲོག་དོར་བའི་བློ་དགའ་རང་བཙན་ལགས་འདས་གྲོངས་སུ་སོང་སྟེ་བདུན་ཚིགས་བཞི་པ་དང་བསྟུན་ནས་ཁོང་ལ་གདུང་སེམས་མཉམ་སྐྱེད་དང་འབྲེལ་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་ངོ་རྒོལ་གྱི་སླད་ཨོ་ཌི་ཤ་བོད་མིའི་གཞིས་ཆགས་ནས་རྒྱང་ཐང་ཀི་ལོ་མི་ཊར་ ༢༨༠ སར་ཡོད་པའི་མངའ་སྡེའི་རྒྱལ་ས་སྦུབ་ནེཤ་ཝར་གྲོང་ཁྱེར་དུ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཏེ་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་པ་དང་། བོད་ནང་གི་ད་ལྟའི་གནས་སྟངས་བཅས་ངོ་སྤྲོད་གནང་ཡོད་པར། སྐབས་དེར་རྒྱ་གར་གསར་འགོད་པ་ཕོན་ཆེ་འདུ་འཛོམས་བྱུང་སྟེ་བོད་དོན་དྲིལ་བསྒྲགས་ཡག་པོ་བྱུང་སོང་ཞེས་གོ་སྒྲིག་ཚོགས་ཆུང་གིས་བརྗོད་བྱུང་།

གསར་འགོད་ལྷན་ཚོགས་དེའི་སར་སྦི་ཇེ་པི་ཆབ་སྲིད་ཚོགས་པའི་ས་གནས་ཀྱི་འགོ་ཁྲིད་ས་མིར་མོ་ཧན་ཀྲི་ལགས་ཀྱིས་མུ་མཐུད། རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་ནས་ལོ་ ༦༠ ལྷག་ཕྱིན་ཡོད་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་ལམ་སྟོན་འོག་བོད་མི་ཚོས་འཚེ་མེད་ཞི་བའི་ཐབས་ཀྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་ཡང་ད་བར་གྲུབ་འབྲས་མ་ཐོན་པར་བརྟེན་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་རང་སྲོག་བློས་གཏོང་གི་ལས་འགུལ་སྤེལ་བའི་གནས་སྟངས་དེ་ཆགས་པ་རེད། འོན་ཀྱང་འཕགས་བོད་གཉིས་ཀྱི་འབྲེལ་བ་བཟང་པོ་ཡོད་དུས་རྒྱ་གར་བྷི་ཇེ་པི་ཆབ་སྲིད་ཚོགས་པས་བོད་མིའི་རང་དབང་འཐབ་རྩོད་ཐོག་རྒྱབ་སྐྱོར་ཞུ་བཞིན་ཡོད་ཅེས་གསུང་གནང་འདུག

བློ་དགའ་རང་བཙན་ལགས་ཀྱི་བདུན་ཚིགས་བཞི་པར་ལས་འགུལ་སྤེལ་བ། ༢༠༢༦།༠༧།༢༩
ཨོ་ཌི་ཤ་མངའ་སྡེའི་རྒྱལ་སར་བོད་མིས་དྭང་བླང་ལས་འགུལ་སྤེལ་བ། བློ་དགའ་རང་བཙན་ལགས་ཀྱི་བདུན་ཚིགས་བཞི་པར་ལས་འགུལ་སྤེལ་བ། ༢༠༢༦།༠༧།༢༩ (RFA Tibetan)

ཁོང་གིས་ད་དུང་མུ་མཐུད་གསུངས་དོན་དུ། རྒྱ་ནག་གཞུང་གིས་བོད་པའི་ཆོས་དང་། རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་བཟོ་བཞིན་པའི་གནས་ཚུལ་ལ་བློ་དགའ་རང་བཙན་ལགས་ཀྱིས་འུ་ཐུག་ཐབས་ཟད་ཀྱི་བོད་དོན་ཆེད་རང་སྲོག་བློས་བཏང་གནང་བ་དེར་བསྔགས་བརྗོད་ཡོད་ལ་བོད་མི་ཚོས་ཞུམས་པ་མེད་པར་བོད་དོན་ལས་འགུལ་སྤེལ་དགོས་པ་དང་ང་ཚོ་རྒྱ་གར་བ་ཁ་ཤས་ཤིག་ཁྱེད་ཚོའི་ལས་འགུལ་གྱི་ནང་མཉམ་ཞུགས་ཀྱིས་རྒྱབ་སྐྱོར་ཞུས་པ་ལྟར་རྒྱ་གར་བ་མང་པོས་ཁྱེད་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པ་རེད་ཅེས་གསུང་འདུག

ཕྱོགས་མཚུངས་བློ་དགའ་རང་བཙན་ལགས་ཀྱི་བདུན་ཚིགས་བཞི་པ་དང་བསྟུན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་ཆགས་པའི་མོན་གྷོ་འདོད་རྒུ་གླིང་གི་དབུས་གཙང་ཆོལ་ཁ་དང་། མདོ་སྨད་ཆོལ་ཁ། མདོ་ཁམས་ཆུ་བཞི་སྒང་དྲུག་བཅས་ཀྱིས་གོ་སྒྲིག་འོག་གཞིས་ཁུངས་དེའི་མང་ཚོགས་ནས་བསྔོ་སྨོན་མཆོད་འབུལ་དང་མར་མེ་ཁྲོམ་སྐོར་གནང་བ་དང་དུས་མཚུངས་བློ་དགའ་རང་བཙན་ལགས་དེ་སྔ་ཆོས་ཞུགས་གནང་ཡུལ་དགའ་ལྡན་བྱང་རྩེ་གྲྭ་ཚང་དང་གྲྭ་ཚང་དེའི་ཁྱབ་ཁོངས་ཏྲེ་ཧོར་ཁམས་ཚན་བཅས་ཀྱི་ནང་དགེ་འདུན་འདུས་མང་གིས་བདུན་ཚིགས་བཞི་པའི་བསྔོ་སྨོན་མཆོད་འབུལ་བསྒྲུབས་གནང་འདུག

བརྙན་པར་སྒྲིག་སྦྱོར་བ། པདྨ་དངོས་གྲུབ།