རྡ་ས་གཙོ་གྱུར་གྱི་ས་གནས་གང་སར་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་ཏེ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་ཟླ་གཅིག་གི་དུས་ཚིགས་ལ་དྲན་གསོ་ཞུས་པ།
བོད་མི་བློ་དགའ་རང་བཙན་ལགས་ཀྱི་རང་ལུས་མེར་བསྲེགས་གནང་སྟེ་ཟླ་བ་གཅིག་འགྲོ་བའི་མཚམས་འདིར་འཛམ་གླིང་ས་ཕྱོགས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་མགོ་རིལ་བཟོས་པ། སྦག་སྦག་སྐོར་སྐྱོད། ཟས་བཅད་ངོ་རྒོལ་སོགས་ལས་འགུལ་སྣ་མང་སྤེལ་བཞིན་པ་ལྟར་བཞུགས་སྒར་རྡ་སར་བོད་མི་རྣམས་ཀྱིས་བློ་དགའ་རང་བཙན་ལགས་ལ་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་ཀྱི་མེག་གྷན་ཁྲོམ་གཞུང་ནས་བྷག་སུ་བར་མར་མེ་ཁྲོམ་སྐོར་གནང་སོང་།

ལས་འགུལ་འདིའི་ནང་མཉམ་ཞུགས་གནང་མཁན་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཟུར་པ་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས། བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་དང་འབྲེལ་བོད་ནང་གི་གནས་སྟངས་ཛ་དྲག་ཆེན་པོ་ཆགས་པའི་དུས་འདིར། ཕྱིའི་རྒྱལ་ཁབ་གང་སར་གདུང་སེམས་མཉམ་སྐྱེད་མུ་མཐུད་ལས་འགུལ་སྤེལ་དགོས་ཤིང་། གཙོ་ཆེ་ཤོས་བོད་ཆོལ་ཁ་གསུམ་གཅིག་སྒྲིལ་ཐོག་བོད་དོན་བདེན་མཐའ་སེལ་ཐབས་ལ་འབད་རོགས་ཞེས་གསུང་གི་འདུག་ལ། བསོད་ནམས་ཚེ་རིང་ལགས་ཀྱིས། འཛམ་གླིང་གང་སར་གནས་སྡོད་བོད་མི་རྣམས་ཀྱིས་བློ་དགའ་རང་བཙན་ལགས་ཀྱི་ཁ་ཆེམས་སྙིང་དབུས་སུ་བཅངས་ཏེ། གོ་སྐབས་ཆུད་ཟོས་སུ་མ་བཏང་བར་ད་ལྟའི་དུས་ཚོད་འདིར་ངོ་རྒོལ་དང་སྐད་འབོད་མང་ཙམ་གནང་དགོས་གལ་ཆེ་ཞེས་གསུངས་སོང་། ཡང་བཞུགས་སྒར་གནས་སྡོད་རྟ་མགྲིན་ལྷ་མོ་ལགས་ཀྱིས། ང་བོད་ནས་བསླེབས་ཡིན་པས། ད་ཆ་རྒྱལ་ཁབ་གཞན་དུ་བསླེབས་ནའང་བོད་ནང་རང་བཙན་མེད་པ་དང་འགྲོ་བ་མིའི་ཐོབ་ཐང་མེད་པ་དྲན་དུས་སེམས་པ་སྐྱིད་པོ་མི་འདུག བོད་མི་རྣམས་ཀྱིས་བློ་དགའ་ལགས་ཀྱིས་བོད་དོན་སྤྱིའི་ཆེད་དུ་བློས་བཏང་གནང་བ་དེ་སེམས་པ་སྐྱོ་བོ་ཡིན་པས་ཚང་མས་སེམས་ཤུགས་ཐོག་ནས་ལས་འགུལ་ནང་མཉམ་ཞུགས་མང་ཙམ་གནང་རོགས་ཞུ་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གཞན་ཐེངས་འདིར་ཐེ་ལྦན་དང་ཉི་འོང་། དབྱིན་ཡུལ་བཅས་ཀྱི་ནང་དུའང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག་པས། ཐའི་ལྦན་ནང་གི་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་གྱི་རྒྱ་རིགས་ཤིག་གིས་ལས་འགུལ་སྐབས། “ང་ཚོས་མཉམ་དུ་ལོ་རྒྱུས་ལ་སློབ་སྦྱོང་བྱས་ཏེ། རང་དབང་དང་དམངས་གཙོའི་འདུན་པར་དབང་ཤུགས་ཀྱིས་དབང་བསྒྱུར་བྱས་པ་བརྒྱུད་ཐབས་ལམ་འདྲ་མིན་ཐོག་ནས་་དྲག་གནོན་བྱེད་ཀྱི་ཡོད་པ་འདི་རྒྱུས་མངའ་ཡོང་རྒྱུ་རེད།” ཅེས་གསུངས་འདུག
པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
