མུམ་བྷཡེ་རྒྱ་ནག་གཞུང་ཚབ་ཡན་ལག་མདུན་ངོ་རྒོལ་སྐད་འབོད་གནང་པ།

མི་རིཊ་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་ངོ་རྒོལ་དང་བློ་དགའ་རང་བཙན་ལགས་སུ་རྒྱབ་སྐྱོར་གྱི་རྔམ་སྟོན་ངོ་རྒོལ་གནང་སྐབས་ས་གནས་སྐོར་སྲུང་བས་འཛིན་བཟུང་དོ་དམ་བྱས་ཀྱང་རྗེས་སུ་གློད་འདུག

མུམ་བྷཡེ་རྒྱ་ནག་གཞུང་ཚབ་ཡན་ལག་མདུན་ངོ་རྒོལ་སྐད་འབོད་གནང་པ།

ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༣ ཉིན་རྒྱ་གར་གྱི་མུམ་བྷཡེ་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་མདུན་མོན་གྷོ་འདོད་རྒུ་གླིང་དང་བྷན་དྷ་ར་ནོར་རྒྱས་གླིང་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་མི་ཚོས་མི་རིཊ་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་ངོ་རྒོལ་དང་བློ་དགའ་རང་བཙན་ལགས་སུ་རྒྱབ་སྐྱོར་གྱི་རྔམ་སྟོན་ངོ་རྒོལ་གནང་སྐབས་ས་གནས་སྐོར་སྲུང་བས་འཛིན་བཟུང་དོ་དམ་བྱས་ཀྱང་རྗེས་སུ་གློད་འདུག

བྷན་དྷ་ར་ནོར་རྒྱས་གླིང་དང་མོན་གྷོ་འདོད་རྒུ་གླིང་ས་གནས་གཞོན་ནུས་ངོ་རྒོལ་གནང་སྐབས་ལས་འགུལ་བ་དོ་དམ་བྱས་པ། ༢༠༢༦།༨།༣
མུམ་བྷཡེ་རྒྱ་ནག་གཞུང་ཚབ་ཡན་ལག་མདུན་ངོ་རྒོལ་གནང་པ། བྷན་དྷ་ར་ནོར་རྒྱས་གླིང་དང་མོན་གྷོ་འདོད་རྒུ་གླིང་ས་གནས་གཞོན་ནུས་ངོ་རྒོལ་གནང་སྐབས་ལས་འགུལ་བ་དོ་དམ་བྱས་པ། ༢༠༢༦།༨།༣ (REUTERS)

རྒྱ་གར་ཚོང་གི་བསྟི་གནས་མུམ་བྷཡེ་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་དུ་མོན་གྷོ་འདོད་རྒུ་གླིང་དང་བྷན་དྷ་ར་ནོར་རྒྱས་གླིང་གི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་རིགས་གཞོན་སྐྱེས་ཕོ་མོ་བཞི་བཅུ་ལྷག་ཙམ་གྱིས་བོད་དོན་ཆེད་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་བློ་དགའ་རང་བཙན་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲངས་སུ་གྱུར་ཏེ་དུས་ཡུན་ཟླ་བ་གཅིག་འཁོར་བའི་དུས་སྐབས་དང་བསྟུན་ཕྱི་ཟླ་ ༨ ཚེས་༣ ཉིན་ལས་འགུལ་འདི་གོ་སྒྲིག་གནང་པ་ཡིན་སྐོར་བྷན་དྷ་ར་ནོར་རྒྱས་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་ཀྱིས་གསུངས་བྱུང་། དེ་ཡང་ཁོང་གིས་གསུངས་དོན་དུ། སྤྱིར་བཏང་མུམ་བྷཡེ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཧ་ཅང་ཁག་པོ་རེད། འདིར་ཉེན་རྟོག་པས་དམ་དྲག་ཧ་ཅང་ཆེན་པོ་འདུག འོན་ཀྱང་དེ་ལ་མ་འཛེམས་པར་དཔའ་བོ་བློ་དགའ་རང་བཙན་གྱིས་སྐུ་ལུས་མེ་མཆོད་ཕུལ་ཏེ་སྔོན་འདོད་ཁ་ཆེམས་གཞིར་བཟུང་དེ་རིང་ང་ཚོས་འདིར་ལས་འགུལ་སྤེལ་ཡོད་ཅེས་དང་། ལས་འགུལ་འདིའི་ནང་བྷན་དྷ་ར་དང་མོན་གྷོ་ས་གནས་གཉིས་ཀྱི་མི་གྲངས་བཞི་བཅུ་ཞེ་གྲངས་ཡོད། ང་ཚོས་ལས་འགུལ་སྤེལ་སྐབས་རྒྱ་གར་གྱི་ས་གནས་ཉེན་རྟོག་པས་ཨ་ཛཏ་མེ་དྷན་ཐང་ཆེན་དུ་ཁྲིད་དེ་དེར་ཆུ་ཚོད་གཉིས་ཙམ་རིང་ཟུར་འཇོག་བྱས་པའི་རྗེས་གློད་གྲོལ་བཏང་ཡོད་ཅེས་གསུངས་བྱུང་།

བྷན་དྷ་ར་ནོར་རྒྱས་གླིང་དང་མོན་གྷོ་འདོད་རྒུ་གླིང་ས་གནས་གཞོན་ནུས་ངོ་རྒོལ་གནང་སྐབས་ལས་འགུལ་བ་དོ་དམ་བྱས་པ། ༢༠༢༦།༨།༣
ས་གནས་གཞོན་ནུའི་ཚོགས་མིས་མུམ་བྷཡེ་རྒྱ་ནག་གཞུང་ཚབ་ཡན་ལག་མདུན་ལས་འགུལ་སྤེལ་བ། བྷན་དྷ་ར་ནོར་རྒྱས་གླིང་དང་མོན་གྷོ་འདོད་རྒུ་གླིང་ས་གནས་གཞོན་ནུས་ངོ་རྒོལ་གནང་སྐབས་ལས་འགུལ་བ་དོ་དམ་བྱས་པ། ༢༠༢༦།༨།༣ (REUTERS)

དེ་ཉིན་ད་དུང་བྷན་དྷ་ར་ནོར་རྒྱས་གླིང་ས་གནས་བོད་ཀྱི་གཞོན་ནུ་དང་མོན་གྷོ་འདོད་རྒུ་གླིང་ས་གནས་བོད་ཀྱི་གཞོན་ནུ་དང་བེུད་ལྷན་ཚོགས་བཅས་ལྷན་ཚོགས་ཁག་ཐུན་མོང་གི་གོ་སྒྲིག་འོག་མོན་གྷོ་ནས་བོད་མི་སྐྱ་སེར་ ༡༦༠ བརྒལ་བ་ཞིག་དང་བྷན་དྷ་ར་ནས་བོད་མི་སྐྱ་སེར་ ༦༠ བརྒལ་བ་བཅས་ཁྱོན་བོད་མི་སེར་སྐྱ་མི་མང་ ༢༣༠ ཙམ་གྱི་ཐོག་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་མཉམ་ཞུགས་ཀྱིས་མུམ་བྷཡེ་གྲོང་ཁྱེར་གྱི་ཨ་ཛཏ་མེ་དྷན་ནང་བོད་དོན་ཆེད་ཞི་བའི་སྐད་འབོད་གནང་བ་དང་ཡང་ཕྱི་ཟླ་ ༨ ཚེས་ ༢ ཉིན་བྷན་དྷ་ས་གནས་བོད་མི་རྣམས་ཀྱིས་མུམ་བྷཡ་གྲོང་ཁྱེར་ནང་རྒྱ་གར་གྱི་རྩ་ཁྲིམས་ཐོག་མར་བཟོ་བཀོད་གནང་མཁན་གཙོ་བགྲེས་ཡིན་པ་ཌོག་ཀྲར་བྷིམ་རའོ་ཨམ་བྷཌ་ཀར་གྱི་གཟིམས་ཤག་ནས་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་བར་རྒྱང་ཐག་ཀི་ལོ་མི་ཊར་ ༣ ཙམ་གྱི་བར་ཐག་ལ་བོད་དོན་ཆེད་ཞི་བའི་སྐད་འབོད་གནང་ཡོད་པ་རེད།

བྷན་དྷ་ར་ནོར་རྒྱས་གླིང་དང་མོན་གྷོ་འདོད་རྒུ་གླིང་ས་གནས་གཞོན་ནུས་ངོ་རྒོལ་གནང་སྐབས་ལས་འགུལ་བ་དོ་དམ་བྱས་པ། ༢༠༢༦།༨།༣
ས་གནས་གཞོན་ནུས་མུམ་བྷཡེ་རྒྱ་ནག་གཞུང་ཚབ་ཡན་ལག་མདུན་ངོ་རྒོལ་གནང་པ། བྷན་དྷ་ར་ནོར་རྒྱས་གླིང་དང་མོན་གྷོ་འདོད་རྒུ་གླིང་ས་གནས་གཞོན་ནུས་ངོ་རྒོལ་གནང་སྐབས་ལས་འགུལ་བ་དོ་དམ་བྱས་པ། ༢༠༢༦།༨།༣ (REUTERS)

དེ་བཞིན་ཕྱི་ཚེས་ ༢ ཉིན་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ལུགས་བདེ་གཉིས་དང་། ཧོན་སུར་རབ་རྒྱས་གླིང་། དེ་བཞིན་མའེ་སོར་བོད་ཀྱི་སྡོད་ཁང་དང་སྦེལ་ཀོབ་བོད་དོན་དྭང་བླང་ཞུ་གཏུག་ཚན་པ་བཅས་ཐུན་མོང་གི་གོ་སྒྲིག་འོག་ས་གནས་ཁག་དེ་དག་ནས་བོད་མི་དྭང་ལང་བ་ ༡༠༠ སྐོར་རེ་བྱས་ཏེ་བློ་དགའ་རང་བཙན་ལགས་ཀྱིས་རང་སྲེག་ལས་འགུལ་གནང་སྟེ་འདས་གྲངས་གྱུར་ཏེ་ཟླ་བ་གཅིག་འཁོར་བའི་དུས་སྐབས་དང་བསྟུན་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དྷུ་མངའ་སྡེའི་རྒྱལ་ས་ཅི་ནཡེ་གྲོང་ཁྱེར་གྱི་བྷེ་སན་ན་གྷར་ཞེས་རྒྱ་མཚོའི་ཉེ་འགྲམ་དུ་བོད་དོན་ཆེད་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་ཞིང་། ཕྱི་ཉིན་གྲོང་ཁྱེར་དེའི་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག་ལ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་གནང་འདུག དེ་ཡང་ཧོན་སུར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ཀྱིས་གསུངས་དོན་དུ། རྒྱ་གར་ཅི་ནཡེ་གྲོང་ཁྱེར་གྱི་བྷེ་སན་ན་གྷར་རྒྱ་མཚོའི་ཉེ་འགྲམ་དུ་དེ་རིང་རེས་གཟའ་ཉི་མའི་ཉིན་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོད་པ་མ་ཟད། ང་ཚོའི་ལས་འགུལ་ལ་རྒྱ་གར་གསར་འགོད་པ་ཁྱོན་ཆེ་ཞིག་གིས་དོ་སྣང་འདྲི་རྩད་བྱེད་དེ་བོད་དོན་དྲིལ་བསྒྲགས་ཡག་པོ་བྱུང་ཞིང་དེ་རིང་ང་ཚོ་མི་མང་གིས་ཁྲོམས་སྐོར་སྐད་འབོད་གནང་པ་དང་། སྨོན་ལམ་གསུང་ཞིང་། རེས་གཟའ་ཟླ་བའི་ཉིན་གྲོང་ཁྱེར་འདིའི་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཆེ་ཁག་ལ་བཅར་ཏེ་བོད་ནང་གི་གནས་སྟངས་སྤྱི་དང་བོད་མིའི་མངོན་འདོད་དང་མཚུངས་པའི་ཞུ་སྙན་ཕུལ་གནང་གི་ཡོད་ཅེས་གསུངས་བྱུང་།ཡང་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དྷུ་མངའ་སྡེའི་ཨུ་ཀྲི་ས་གནས་བོད་མི་སུད་ཚོང་བ་ཕོ་མོ་དྲུག་གིས་ཨུ་ཀྲི་ནས་མའི་སོར་གྲོང་ཁྱེར་བརྒྱུད་སྦེང་ལོར་གྲོང་ཁྱེར་བར་རྒྱང་ཚད་ཀི་ལོ་མི་ཀྲར་ ༣༠༠ ཙམ་གྱི་སར་ཉིན་གཉིས་ཀྱི་རིང་སྦག་སྦག་བསྐོར་བསྐྱོད་ཀྱིས་རྒྱ་གར་མང་ཚོགས་ལ་བོད་དོན་སྤྱི་དང་ལྷག་པར་བློ་དགའ་རང་བཙན་ལགས་ཀྱིས་བོད་དོན་ཆེད་རང་སྲོག་བློས་བཏང་གནང་པ་དང་རྒྱ་ནག་གཞུང་གྱི་ཁྲིམས་ཡིག་གསར་པ་དེར་བོད་མི་ཚོས་ངོས་ལེན་མེད་པ་སོགས་ཡིག་ངག་གཉིས་ཐོག་ནས་གསལ་སྟོན་གྱིས་བོད་དོན་ཐོག་དོ་སྣང་གོ་རྟོགས་ཡོང་ཆེད་ཀྱི་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། པདྨ་དངོས་གྲུབ།