དབུས་འོས་བསྡུ་ལས་ཁང་གིས་རྒྱ་གར་དུ་གནས་སྡོད་ཕྱི་རྒྱལ་གྱི་མི་སེར་ཡིན་པའི་བོད་མི་ཞིག་ལ་ཕྱི་ལོ་ ༢༠༢༦ ལོའི་སྤྱི་འཐུས་ཀྱི་འོས་མིར་བཞེངས་རྒྱུའི་གོ་སྐབས་གནང་མེད་པའི་གནད་དོན་དང་འབྲེལ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཨང་ ༢༣ པའི་ཐོག་ཕྱོགས་གཉིས་ཀྱི་དབར་ཐོག་མའི་ཉན་ཞིབ་ལས་རིམ་འཚོགས་སོང་།
ཁ་མཆུ་འདིའི་བརྒྱུད་གྱོད་ཡ་ཞུ་སྦྱོར་བ་དང་རྩོད་ལེན་པ་ཕྱོགས་གཉིས་ཀས་ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་ཐོག་ནས་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིར་འགྱུར་བ་དགོས་གལ་ཆེ་བ་གསུང་གི་འདུག
དེ་ཡང་ཟླ་ ༨ ཚེས་ ༥ ཉིན་དབུས་འོས་བསྡུའི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས་ཁ་མཆུ་ཨང་ ༢༣ པའི་ཐོག་མའི་ཉན་ཞིབ་གྲུབ་མཚམས་གསར་འགོད་པའི་བཅར་འདྲིར་དྭང་ལན་གནང་སྐབས། དབུས་འོས་བསྡུ་ལས་ཁང་གིས་བཅའ་ཁྲིམས་གཞིར་བཟུང་ཕྱག་ལས་གནང་དགོས་པས། ཐེངས་འདིར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞིར་བཟུང་མཁས་གྲུབ་ལགས་ལ་སྤྱི་འཐུས་སུ་བཞེངས་རྒྱུའི་གོ་སྐབས་ཕུལ་ཐུབ་ཐབས་མེད་ཀྱང་། དངོས་ཡོད་གནས་ཚུལ་ནི་ད་ལྟའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྟུན། དེར་འཚམས་པའི་བཅའ་ཁྲིམས་དང་འོས་བསྡུ་སྒྲིག་གཞིར་འགྱུར་བ་དགོས་གལ་ཤིན་ཏུ་གལ་ཆེན་པོ་རེད་ཅེས་གསུངས་བྱུང་ལ། ཞུ་སྦྱོར་བ་བསྟན་འཛིན་མཁས་གྲུབ་ལགས་ཀྱི་ཁྲིམས་རྩོད་པ་རིན་ཆེན་དབང་རྒྱལ་ལགས་ཀྱིས། ད་ལྟའི་ཆར་ཞུ་སྦྱོར་བ་རང་ཉིད་ལ་སྤྱི་འཐུས་སུ་བཞེངས་རྒྱུའི་གོ་སྐབས་དེ་ཐོབ་མེད་པ་དང་། མ་འོངས་པར་བོད་པའི་རྩ་དོན་ཆེད་དུ་ཞབས་འདེགས་ཞུ་འདོད་ཡོད་རིགས་ལ་ཁྲིམས་སྒྲིག་གི་ཆ་རྐྱེན་འོག་གོ་སྐབས་འབུལ་ཐུབ་རྒྱུ་ནི་དགོས་འདུན་གཙོ་བོ་དེ་ཡིན་ཞེས་གསུངས་བྱུང་།

ལུགས་བསམ་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་ཡིན་པ་ཞུ་སྦྱོར་བ་བསྟན་འཛིན་མཁས་གྲུབ་ལགས་ཁེ་ན་ཌའི་མི་སེར་ཡིན་ཡང་། འདས་པའི་ལོ་ ༣ ཙམ་ནས་ཁོང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནང་དུ་བཅའ་སྡོད་གནང་བཞིན་ཡོད་པ་དང་། དཔྱ་ཁྲལ་འབུལ་བབ་ཀྱང་རྒྱ་གར་ནས་འབུལ་བཞིན་ཡོད་པ་རེད་འདུག
འོན་ཀྱང་ཐེངས་འདིའི་ཉན་ཞིབ་སྐབས་རྩོད་ལེན་པ་དབུས་འོས་བསྡུ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས། ཞུ་སྦྱོར་བ་བསྟན་འཛིན་མཁས་གྲུབ་ལགས་ནི། བོད་མི་ཕྱི་རྒྱལ་གྱི་མི་སེར་ཡིན་པ་རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་འཁྱེར་ (Overseas Citizenship of India) ཐོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་གནས་སྡོད་གནང་བཞིན་ཡོད་ནའང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༢ ནང་གསལ་ལྟར་ས་གནས་དེར་གཏན་འཇགས་གནས་སྡོད་ཀྱི་མི་མང་ལ་གོ་དགོས་ཏེ། གཏན་འཇགས་གནས་སྡོད་ནི་སྒྲིག་གཞིར་གསལ་བ་ལྟར། ས་གནས་གཞན་ནས་གནས་སྤོས་བྱས་པ་གང་ཞིག ས་གནས་སུ་ལོ་ཧྲིལ་པོ་ ༥ ཡན་བསྡད་ཟིན་པ། དེ་བཞིན་གཞིས་ཁོངས་སྔ་མའི་ཐོབ་སྐལ་བློས་བཏང་ཟིན་ཞིང་། གཉེན་སྒྲིག་བག་ལེན་གྱི་ལམ་ནས་ལུགས་མཐུན་གནས་སྤོས་བྱས་པ་བཅས་འཁོད་ཡོད་ཀྱང་། མཁས་གྲུབ་ལགས་ནི་རྒྱ་གར་དུ་གནས་སྡོད་གནང་ནས་ལོ་གསུམ་མ་གཏོགས་ཕྱིན་མེད་པ་དང་། རྒྱ་གར་དུ་སྡོད་ཡུན་རིང་ཁོང་གིས་ཁེ་ན་ཌའི་མི་སེར་གྱི་ཐོབ་ཐང་ཕྱིར་སློག་གནང་རྒྱུའི་འབད་རྩོན་གང་ཡང་གནང་མེད་པ། དེ་བཞིན་ཕྱི་ལོ་ ༢༠༢༢ ནས་བཟུང་ཁོང་ཁེ་ན་ཌར་ཐེངས་མང་བསྐྱོད་ཡོད་པར་བརྟེན། དབུས་འོས་བསྡུ་ལས་ཁང་ནས་ཐག་གཅོད་དེ་བཞིན་གནང་ཡོད་པ་གསུངས་སོང་།
ཐེངས་འདིའི་ཉན་ཞིབ་སྐབས་ཀྱི་ཞུ་རྩའི་ནང་གསལ་གཙོ་བོ་ནི་ ‘གནས་སྡོད།’ ཞེས་གཞི་གང་ལ་ངོས་འཛིན་དགོས་མིན་བཅའ་ཁྲིམས་ཀྱི་འགྲེལ་བཤད་ཁ་གསལ་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་ཡོད་པ་དང་། འོས་བསྡུ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས་ཀྱང་། ཞུ་སྦྱོར་བའི་ཞུ་རྩའི་ནང་དོན་རྣམས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་མ་ཕྱིན་པར་ལག་བསྟར་ཡོང་བར་གནང་ཐལ་མེད་སྟབས། དངོས་བདེན་ལ་ཐུགས་ཞིབ་ཀྱིས་ཁ་མཆུ་དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་མང་གཏུག་བཤེར་གྱི་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༣༡ ནང་ཞུ་སྦྱོར་ཐོག་རྩོད་ལེན་པའི་ཞུ་སྐུལ་ནང་གསེས་ཀ་པའི་དགོངས་དོན་ཁ་མཆུ་འདིར་རྩིས་མེད་དུ་ངོས་བཞེས་གནང་བའི་ཞུ་སྐུལ་གནང་ཡོད་པ་རེད།།
ཁ་སྣོན་གསར་འགོད་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
