གཞི་རིམ་མི་མང་རེ་འབོད་ཚོགས་པས་ད་རེས་གྲོས་ཚོགས་སྐབས་བཅའ་ཁྲིམས་བསྐྱར་བཅོས་གནང་དགོས་པའི་རེ་སྐུལ་ཞུས་སོང་།
ཕྱི་ཟླ་༩བའི་ཚེས་༡༡ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་འགོ་འཛུགས་གནང་གི་ཡོད་པ་དང་བསྟུན། རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ནས་ཆེད་ཕེབས་གནང་བ། གཞི་རིམ་མི་མང་རེ་འབོད་ཚོགས་པའི་མི་གྲངས་༤༨༦ རྡ་རམ་ས་ལར་འཛོམས་ཡོད་པ་དང་། འདི་ཚེས་༡༠ཉིན་རྡ་རམ་ས་ལའི་མག་གྷན་ཞང་ཡ་རེ་ལོ་གསོལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་དང་ཞུ་འབོད་ལས་འགུལ་འགོ་འཛུགས་ཀྱི་མཛད་སྒོ་ཚོགས་སོང་ལ། སྐབས་དེར་མི་མང་རེ་འབོད་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས་ནས། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་སླར་གསོ་གནང་བར། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་བསྐོ་བཞག་ཐུབ་ཕྱིར། ད་རེས་གྲོས་ཚོགས་སྐབས་བཅའ་ཁྲིམས་བསྐྱར་བཅོས་ངེས་པར་དུ་གནང་དགོས་པའི་རེ་སྐུལ་གནང་བ་དང་། དེ་ལྟར་མ་བྱུང་ན་མི་མང་གི་ངོས་ནས་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་སྐོར་བརྗོད་སོང་།
དེ་འབྲེལ་གཞི་རིམ་མི་མང་རེ་འབོད་ཚོགས་པས་གསར་འགོད་གསལ་བསྒྲགས་ཀྱི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་ཡོད་པའི་ནང་། གཏན་འབེབས་བྱུང་བའི་གྲོས་ཆོད་དོན་ཚན་གསུམ་ཞིག་ཡོད་པ་ལས། ད་རེས་གྲོས་ཚོགས་ཚོགས་དུས་འདིའི་ཐོག་ནས་ཁྲིམས་ཞིབ་པ་བསྐོ་གཞག་ཐུབ་པའི་བཅའ་ཁྲིམས་བསྐྱར་བཅོས་མ་གནང་ཚེ། སྤྱི་འཐུས་ཚང་མ་དགོངས་པ་ཞུ་དགོས་པ་དང་། མི་མང་ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཅའ་ཁྲིམས་དོན་ཚན་དང་པོའི་ནང་དོན་གྱི་སྐུ་དབང་དགོངས་དོན་མཚན་འཁོད་སྙན་ཞུ་འབུལ་རྒྱུ་གཙོས་དོན་ཚན་ཁག་ཅིག་བཀོད་འདུག་ལ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནད་དོན་དེའི་སྐོར་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སུ། ཐེངས་འདིའི་གྲོས་ཚོགས་ཚོགས་དུས་དང་བསྟུན་ཁྲིམས་ཞིབ་པ་བསྐོ་བཞག་གི་ཁྲིམས་འཆར་སོགས་ཀྱི་ལས་རིམ་ཡོད་མེད་འབྲེལ་བ་བྱས་ཀྱང་འབྲེལ་བ་མཐུད་ཐུབ་མ་སོང་ལ། ཡང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་སུ་བཀའ་འདྲི་བྱས་པར། གནས་སྐབས་གནས་སྟངས་དེ་རིགས་ཐོག་ཞུ་ཚོད་ཐུབ་པ་གང་ཡང་མེད་ཅེས་གསུངས་སོང་།
གཞི་རིམ་མི་མང་ཚོགས་པ་ནས་གསར་འགོད་གསལ་བསྒྲགས་རྗེས་སྙན་ཞུ་ཞིག་དང་མཉམ། བོད་མི་མང་སྤྱི་འཐུས་ཚོགས་གཙོའི་སར་བཅར་རྒྱུའི་འཆར་གཞི་ཡོད་པ་དང་། དེའི་རྗེས་སང་ཉིན་གྲོས་ཚོགས་ཀྱི་ཉིན་དང་པོར་གངས་སྐྱིད་ལག་རྩེད་སྤོ་ལོ་རྩེད་ཐང་དུ་སྡོད་རྒྱུ་དང་། སྐབས་དེར་གྲོས་ཚོགས་ཀྱི་མདུན་དུ་བཅར་དགོས་པ་ཡང་ཆགས་སྲིད་པ་རེད་ཅེས་མི་མང་རེ་འབོད་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་བརྗོད་བྱུང་ལ། ཐེངས་འདིའི་ལས་འགུལ་ནང་རྒྱ་གར་གྱི་ས་གནས་ཁག་༢༥དང་། བྱང་ཨ་རི། དེ་བཞིན་ཡོ་རོབ་ཀྱི་རྒྱལ་ཁབ་༤བཅས་ནས་མི་མང་མཉམ་ཞུགས་གནང་ཡོད་པ་རེད་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།