ཡོངས་སུ་རྩིས་སྤྲོད་གནང་བ་ལས་འགན་ཁག་ཤོས་འདུག
2012.08.20
ཕ་རེན་སི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང༌། བཀའ་ཁྲི་བློ་བཟང་སེངྒེ་མཆོག་གིས་གསར་འགོད་པ་ཚོར་གསུང་དོན། ངོས་ནས་ཐོག་མར་བཀའ་བློན་ཁྲི་པའི་འོས་བསྡུའི་འགྲན་བསྡུར་ནང་ཞུགས་སྐབས་། བཞུགས་སྒར་རྡ་རམ་ས་ལར་ཡོང་ནས་བོད་མི་མང་གི་སྲི་ཞུ་འགྲུབ་ཡག་དང༌། ༧གོང་ས་མཆོག་གི་ཞབས་འོག་ཞབས་ཕྱི་ཞུ་ཡག་གི་བསམ་བློ་བཏང་བ་མ་གཏོགས།
༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་དོར་གནང་ནས་
སོ་སོ་རང་མགོ་ཐོན་པ་བྱེད་གསུང་གི་རེད་བསམ་པ་དང༌། ཡང་བོད་པའི་རྩ་དོན་
ཆ་ཚང་སྣེ་འཁྲིད་བྱེད་དགོས་གསུང་གི་རེད་བསམ་པ་མ་བྱུང༌། ད་ལྟ་ངོས་རང་གི་
ལས་འགན་དེ་འཛམ་གླིང་ནང་ནས་ལས་འགན་དཀའ་ལས་ཁག་ཤོས་དེ་རེད་འདུག་ཅེས་བཀའ་ཁྲི་མཆོག་གིས་འགྲེལ་བརྗོད་གནང་འདུག
ད་དུང་བཀའ་ཁྲི་མཆོག་གིས་བོད་ནང་གི་བོད་མི་ཚོས་སྐུ་ལུས་མེར་སྲེག་བཏང་གནང་གི་ཡོད་པ་དེ་ནི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བོད་མི་ཚོས་འདོད་པ་མེད་པའི་རྣམ་འགྱུར་ཞིག་ཡིན་པ་དང༌། དེའི་ལས་འགན་རྒྱ་ནག་གཞུང་ལ་ཡོད་པའི་སྐྱོན་བརྗོད་དང་འབྲེལ་བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་རྒྱུ་མཚམས་འཇོག་གནང་དགོས་པའི་འབོད་སྐུལ་བསྐྱར་ནན་གནང་འདུག། བཀའ་ཁྲི་མཆོག་གིས་གསུང་ན། ངོས་ནས་བཀའ་ཁྲི་ལས་འགན་འཁྱེར་བ་ནས་བཟུང་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་ཅེས་གསུངས་འདུག།