༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་༸གོང་ས་མཆོག་ལ་གཟིམ་ཆུང་བརྟན་བཞུགས་བསྟར་འབུལ་ཞུས་པ།

2024.02.14
༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་༸གོང་ས་མཆོག་ལ་གཟིམ་ཆུང་བརྟན་བཞུགས་བསྟར་འབུལ་ཞུས་པ། ༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས། ༢༠༢༤།༠༢།༡༤ ཉིན།
OHHDL

ཕྱི་ལོ་ ༢༠༢༤ ཟླ་བ་ ༢ པའི་ཚེས་ ༡༤ བོད་ཤིང་འབྲུག་ལོའི་ལོ་གསར་ཚེ་ལྔ་ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་སློབ་འདུས་མང་ཡོངས་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མཆོག་༸སྐུ་ཚེ་ཡུན་རིང་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་ཆེད་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཤིང་། དེ་ནི་བོད་ལོ་གསར་ཚེས་ཀྱི་བརྟན་བཞུགས་ཐོག་མ་དེ་ཡིན་པ་རེད།

2024-02-14-Dharamsala-G10_NZ94597.jpg

སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཐུགས་དགྱེས་ཚོར་ཆེན་པོས། མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༡༡༠ ལྷག་འཚོ་བཞུགས་མཛད་རྒྱུའི་ཞལ་བཞེས་བཟང་པོ་མཛད་འདུག 

བརྟན་བཞུགས་གྲུབ་མཚམས་སུ་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་གྲྭའི་སློབ་སྤྱི་ཐུབ་བསྟན་ཡར་འཕེར་ལགས་ཀྱིས། ༸གོང་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་ལོ་ ༩༠ ཕེབས་ཀྱི་ཡོད་པ་དང་སྟབས་བསྟུན་གོ་སྟོན་གྱི་གཟིམ་ཆུང་བརྟན་བཞུགས་ཕུལ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་། 

༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནི་ཕྱི་ལོ་ ༡༥༦༨ ལོར་༸རྒྱལ་དབང་བསོད་ནམས་རྒྱ་མཚོ་མཆོག་གིས་དངོས་སུ་དཔལ་ལྡན་འབྲས་སྤུངས་སུ་གསང་སྔགས་དགའ་ཚལ་ཕྱག་བཏབ་སྟེ། རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ཞེས་མཚན་གསོལ་མཛད་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ཐུན་མོང་མ་ཡིན་པའི་གྲྭ་ཚང་ཞིག་ཏུ་གྱུར་འདུག་པ་མ་ཟད། ཕྱི་ལོ་ ༡༦༤༢ ལོར༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་བོད་ཆོལ་ཁ་གསུམ་གྱི་བདག་པོར་མངའ་གསོལ་ཞིང་། ལུགས་གཉིས་ཆབ་སྲིད་ཀྱི་འགན་དབང་བཞེས་ཏེ། ཕོ་བྲང་པོ་ཏ་ལ་དེ་ཉིད་ཆབ་སྲིད་ཀྱི་ལྟེ་གནས་སུ་བསྒྱུར། རྣམ་རྒྱལ་གྲྭ་ཚང་དེ་ཉིད་ཀྱང་། ལྷན་དུ་ཕོ་བྲང་པོ་ཏ་ལར་སྤོ་ཤུགས་གནང་བས། རྩེ་རྣམ་རྒྱལ་གྲྭ་ཚང་ཞེས་ཡོངས་སུ་གྲགས་ཡོད་འདུག 

2024-02-14-Dharamsala-G08_SR53961.jpg

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་ཕུལ་བ་དེས་བླ་མ་སྐུ་ཚེ་ཞབས་པད་བརྟན་པ་དང་བར་ཆད་ཞི་བར་དམིགས་བསལ་ནུས་པ་ཡོད་འདུག་ལ། ད་རེས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་གཙོས་པའི་གྲྭ་ཚང་དེ་ཉིད་ཀྱི་དགེ་འདུན་པ་དང་སློབ་ཕྲུག ལས་བྱེད་པ་སོགས་ཁྱོན་མི་གྲངས་ ༣༠༠ ལྷག་ལྷན་ཞུགས་གནང་འདུག  

གཞན་ཡང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་གསལ་བསྒྲགས་གནང་བར་གཞིགས་ན། རིང་མིན་ཕྱི་ཟླ་ ༢ པའི་ཚེས་ ༢༤ ཉིན་ཏེ། བོད་ཟླ་ ༡ པོ་ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་ཀྱི་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།     
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆར་རླུང་དྲག་པོ་བརྒྱབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་དང་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གཉིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་མཇལ་མོལ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎