ཨ་རི་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཀྱི་གྲོས་མོལ་འདི་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་དངོས་སུ་འགོ་བཙུགས་གནང་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ནས་ཚོང་དོན་གྲོས་མོལ་ཐད་ཡར་རྒྱས་འགྲོ་བཞིན་ཡོད་སྐོར་བརྗོད་ཡོད་རུང་། ཐའེ་ཝན་གྱི་གནད་དོན་ཐད་མི་མཐུན་པ་བྱུང་ཚེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འདི་ཉེན་ཁའི་མཚམས་སུ་བསླེབ་སྲིད་པ་མ་ཟད། ཐ་ན་དམག་འཁྲུག་གི་ངོ་བོར་འགྱུར་སྲིད་པའི་ཉེན་བརྡ་བཏང་འདུག་ལ། ཡང་སྲིད་འཛིན་རྒྱ་ནག་ཏུ་མ་ཕེབས་སྔོན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་ཇི་མེའི་སླའེ་ (Jimmy Lai) དང་མཆོད་དཔོན་ཅིན་(Ezra Jin )གྱི་གནད་དོན་གླེང་རྒྱུའི་བཀའ་མོལ་ཡང་བྱུང་ཡོད་པ་རེད།
ད་རེས་ཨ་རིའི་སྲིད་འཛིན་ཊམཔ་ཕྱི་ཟླ་ ༥ ཚེས་ ༡༣ དགོང་དྲོ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་འབྱོར་བྱུང་ནས་ཕྱི་ཚེས་ ༡༤ ཉིན་དངོས་སུ་ཆེས་མཐོའི་དཔོན་རིགས་གཉིས་ཀྱི་གྲོས་མོལ་དབུ་བཙུགས་གནང་ཡོད། ཐོག་མར་རྒྱ་ནག་གི་མི་དམངས་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་དམག་མིའི་རུ་སྒྲིག་དང་བཅས་པའི་ཐོག་ནས་ཨ་རིའི་སྲིད་འཛིན་ལ་ཕེབས་བསུའི་འདུ་འཛོམས་གཟབ་རྒྱས་ཤིག་ཚོགས་ཡོད་པའི་རྗེས་ཕྱོགས་གཉིས་ཀྱི་དཔོན་རིགས་བར་གྲོས་མོལ་དངོས་སུ་དབུ་བཙུགས་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་དང་ཨ་རི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་མི་མཐུན་པའི་ཕྱོགས་ལས་རྣམ་པར་བརྒལ་ཐུབ་མིན་དྲི་བ་བཏོན་པར། ཨ་རིའི་སྲིད་འཛིན་ཊམཔ་ཡིས་ང་ཚོར་མཛེས་སྡུག་ལྡན་པའི་མ་འོངས་པ་ཞིག་ཡོང་རྒྱུ་རེད་ཅེས་གསུངས་ནས་དུས་ཡུན་ཆུ་ཚོད་གཉིས་དང་སྐར་མ་བཅོ་ལྔའི་རིང་གྲོས་མོལ་བྱུང་ཡོད་འདུག
ཇི་མེའི་སླའེ་དང་མཆོད་དཔོན་ཅིན་སོགས་འགྲོ་བ་མིའི་ཐོབ་ཐང་གི་སྐོར།
སྲིད་འཛིན་ཊམཔ་ཡིས་རྒྱ་ནག་ཏུ་མ་ཕེབས་གོང་རྒྱ་ནག་གི་དཔོན་རིགས་དང་མཇལ་སྐབས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་ཇི་མེའི་སླའེ་ (Jimmy Lai) དང་མཆོད་དཔོན་ཅིན་(Ezra Jin )སོགས་ཚུད་པའི་གནད་དོན་མང་པོའི་ཐོག་བཀའ་མོལ་གནང་རྒྱུའི་སྐོར་གླེང་གནང་ཡོད་ཅིང་། ཇི་མེའི་ལེ་ (Jimmy Lai) དང་འགྲོ་བ་མིའི་ཐོབ་ཐང་སྲུང་མཁན་གྱི་ལས་འགུལ་བ་གཞན་རྣམས་ཀྱིས་དབང་འཛིན་པར་ཐད་ཀར་བདེན་དོན་བརྗོད་ཕོད་ཀྱི་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད། སྲིད་འཛིན་གྱིས་ཚོང་དོན་འགོ་ཁྲིད་ཀྱི་སྐུ་ཚབ་ཚོགས་པ་དང་ལྷན་དུ་རྒྱ་ནག་ལ་གཟིགས་སྐོར་གནང་པའི་སྐབས་དེར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ཚོང་ལས་ཀྱི་ཁེ་ཕན་ལས་གལ་ཆུང་བར་མ་རྩིས་པའི་འགན་ལེན་གནང་དགོས་ཞེས་ཕྱི་འབྲེལ་གྱི་ཚད་མཐོའི་རིམ་པའི་ཐོག་ནས་གླེང་དགོས་པ་གྲོས་ཚོགས་འོག་མའི་འཐུས་མི་ཚོཊ་ཟུར་ལྕམ་ནན་སི་ཕེ་ལོ་སི་ནས་གསུངས་འདུག དེ་བཞིན་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་དང་། ཕྱི་སྲིད་ལས་ཁུངས་ཀྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ལས་བཟོའི་ལས་དོན་གྱི་ཟུང་དྲུང་ཟུར་པ་རོའོ་བྷཊ་ཌེསི་ཊོ་ནས་སྲིད་འཛིན་ཊམཔ་དང་ཕྱི་སྲིད་དྲུང་ཆེ་རུ་བྷི་ཨོ་གཉིས་ཀྱིས་རྒྱ་ནག་དང་མཉམ་དུ་གྲོས་མོལ་གནང་སྐབས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྣང་མེད་དུ་མི་གཏོང་པར་ཇི་མེའི་སླའེ་ (Jimmy Lai) དང་མཆོད་དཔོན་ཅིན་གྱི་གནད་དོན་གླེང་རྒྱུའི་ཡིད་ཆེས་ཡོད་པ་དང་། རྒྱ་ནག་གིས་བོད་ཀྱི་སྐད་ཡིག་དང་། ལོ་རྒྱུས། ཆོས་ལུགས་བཅས་རྩ་མེད་བཟོ་བཞིན་པ་དེར་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་ཟེར་བའི་ཚིག་ཙམ་གྱིས་མཚོན་མི་ཐུབ་པའི་ཚབས་ཆེའི་གནད་དོན་ཞིག་ཡིན་པས། སྲིད་འཛིན་ཊམཔ་ནི་རྒྱ་ནག་གི་དངོས་ཡོད་གནས་སྟངས་ཇི་བཞིན་གཟིགས་མཁན་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་པའི་ནང་གསུངས་འདུག་ལ། གཞན་ཡང་རྒྱ་ནག་གིས་འགྲོ་བ་མི་དང་ཁོར་ཡུག་ལ་གནོད་པའི་ཐོག་ནས་ཚོང་ཟོག་གི་རིན་གོང་ཁེ་པོ་བཟོ་བཞིན་པ་འདི་ནི་མི་རྣམས་དངོས་ཟོག་ལྟ་བུར་བརྩི་བའི་བྱ་སྤྱོད་ཅིག་ཡིན་པར་སྐྱོན་བརྗོད་གནང་འདུག

དཔལ་འབྱོར་མཉམ་ལས།
ཨ་རིའི་ཕོ་བྲང་དཀར་པོས་བཏོན་པའི་གནས་ཚུལ་སྙིང་བསྡུས་ནང་བཀོད་པར། ཕྱོགས་གཉིས་ཀས་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་གཙོ་བོར་བགྲོ་གླེང་གནང་གི་ཡོད་པའི་ནང་ཨ་རིའི་ཁེ་ལས་ཁག་རྒྱ་ནག་གི་ཁྲོམ་རྭར་འཛུལ་ཞུགས་བྱེད་རྒྱུའི་ཐད་གུ་ཡངས་སུ་གཏོང་རྒྱུ་དང་། རྒྱ་ནག་གིས་ཨ་རིའི་བཟོ་ལས་ཁག་ལ་མ་རྩ་འཛུགས་རྒྱུ་མང་དུ་གཏོང་རྒྱུ་བཅས་ཚུད་ཡོད་འདུག་ལ། དེ་བཞིན་རྒྱ་ནག་གིས་ཧྥེན་ཊ་ནིལ་ (Fentanyl) དུག་རྫས་བཟོ་བྱེད་ཀྱི་རྫས་འགྱུར་རྒྱུ་ཆ་ཨ་རིར་བཙོང་རྒྱུར་མུ་མཐུད་སྟངས་འཛིན་བྱ་རྒྱུ་དང་། ཨ་རིའི་སོ་ནམ་ཐོན་སྐྱེད་ཉོ་སྒྲུབ་མང་དུ་གཏོང་རྒྱུའི་ཁས་ལེན་བྱས་ཡོད་འདུག

ས་ཁུལ་བདེ་འཇགས་ཀྱི་གནད་དོན་ཐོག
ཕྱོགས་གཉིས་ཀས་ནུས་པའི་འབྱུང་ཁུངས་དབོར་འདྲེན་གྱི་བདེ་འཇགས་ཆེད་ཧོར་མོཛི་མཚོ་འགག་ངེས་པར་དུ་སྒོ་འབྱེད་དགོས་རྒྱུ་གཉིས་མོས་བྱུང་ཞིང་། ཞི་ཅིན་ཕིང་གིས་མཚོ་འགག་དེ་དམག་དོན་ཅན་དུ་བསྒྱུར་རྒྱུ་དང་། གྲུ་གཟིགས་འགྲོ་འོང་ལ་ལམ་གླ་ལེན་རྒྱུར་དགག་ཆ་ཡོད་པ་བརྗོད་ཡོད་པ་མ་ཟད། ད་དུང་ཨ་རིའི་རྡོ་སྣུམ་ཉོ་སྒྲུབ་མང་དུ་གཏོང་འདོད་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་རེད། དེ་བཞིན་དཔོན་རིགས་གཉིས་ཀས་ཨི་རན་ལ་རྡུལ་ཕྲན་མཚོན་ཆ་ཡོད་མི་རུང་བར་མོས་མཐུན་བྱུང་ཡོད་འདུག ཡང་ཐའེ་ཝན་གྱི་གནད་དོན་ཐད་ལ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བརྗོད་པར་གཞིགས་ན། འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་དབར་ཆུ་ཚོད་གཉིས་ལྷག་རིང་གསང་བའི་གྲོས་མོལ་གནང་སྐབས། ཞི་ཅིན་ཕིང་གིས་ཐའེ་ཝན་གྱི་གནད་དོན་ནི་རྒྱལ་ཁབ་གཉིས་བར་གྱི་གསལ་ཆེའི་གནད་དོན་ཞིག་ཡིན་པ་དང་། གལ་སྲིད་གནད་དོན་འདི་ཐག་གཅོད་ཡག་པོ་མ་བྱུང་ཚེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆེས་ཉེན་ཚབས་ཅན་གྱི་གནས་སྟངས་སུ་གྱུར་ནས་ཕན་ཚུན་གདོང་ཐུག་རྒྱག་རྒྱུའི་ཉེན་ཁ་ཡོད་པ་བརྗོད་འདུག
ཡང་རོའི་ཊརསི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བར། རྒྱ་ནག་གིས་ཨ་རིའི་བྷོ་ཡིང་ (Boeing) གནམ་གྲུ་འབོར་ཆེན་ཉོ་རྒྱུའི་གསལ་བསྒྲགས་བྱེད་རྒྱུའི་རེ་བ་ཡོད་པ་དང་། ཨ་རིས་ཐའེ་ཝན་ལ་ཨ་སྒོར་ཐེར་འབུམ་ ༡༤ ཡི་མཚོན་ཆ་འཚོང་རྒྱུའི་གནད་དོན་ལ་རྒྱ་ནག་གིས་མུ་མཐུད་དགག་པ་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་། ཨ་རིའི་ཁྲིམས་ལུགས་ལྟར་ན་ཐའེ་ཝན་ལ་རང་སྲུང་གི་མཚོན་ཆ་མཁོ་སྤྲོད་བྱེད་དགོས་པའི་འོས་འགན་ཡོད་པ་བཀོད་འདུག
བོད་དོན་ལ་ཨ་རིའི་དོ་སྣང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམས་གཉིས་མཇལ་འཕྲད་གནང་པའི་སྐབས་བོད་དོན་སྐོར་གླེང་སློང་ཡོང་མིན་མ་ཤེས་ཀྱང་སྲིད་འཛིན་ཊམཔ་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་ཡོད་པ་དང་། རྒྱ་གར་ལ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོས་བོད་དོན་ཐོག་དོ་སྣང་ཆེན་པོ་དང་། ཕྱི་སྲིད་ལས་ཁུངས་ནས་ཀྱང་བོད་དོན་ཐོག་དོ་སྣང་ཤུགས་ཆེན་པོ་ཡོད་པ་སོགས་རྣམ་འགྱུར་སྟོན་སྟངས་ཐོག་ནས་བོད་དོན་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་ལས་ངན་ཕྱོགས་ཀྱི་འགྱུར་བ་གང་ཡང་མི་འདུག་ཅེས་གསུངས་འདུག
གཞན་ཡང་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ (CECC) ཀྱིས་སྲིད་འཛིན་ཊམཔ་ལ་ཕྱི་ཟླ་ ༥ ཚེས་ ༧ ལ་ཕྱག་བྲིས་ཤིག་ཕུལ་བའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མཇལ་འཕྲད་གནང་སྐབས་ཨ་རིའི་མི་སེར་གཉིས་དང་ཆབ་སྲིད་བཙོན་པ་ ༢༡ གློད་བཀྲོལ་ཡོང་ཐབས་གནང་དགོས་པའི་ཐོ་གཞུང་ཞིག་ཕུལ་ཡོད་པའི་ནང་། ༢༠༢༤ ཟླ་ ༡༢ ནང་འཛིན་བཟུང་དོ་དམ་བྱས་པའི་ཧོར་གཙང་ཀིརྟི་དགོན་པའི་འགན་འཛིན་ལས་ཚབ་དཀོན་མཆོག་ལགས་དང་། རྩོམ་པ་པོ་དང་ནང་བསྟན་ཤེས་ཡོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས། ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་པའི་མིང་ཐོག་ནས་ཚེ་བཙོན་གྱི་ཉེས་ཆད་འོག་ཡོད་པ་རྡོ་རྗེ་བཀྲིས་ལགས་བཅས་བོད་མི་ཆབ་སྲིད་བཙོན་པ་གསུམ་གྱི་མཚན་ཡང་བཀོད་གནང་འདུག
བོད་ནང་གི་སྤྱི་ཚོགས་དྲ་རྒྱའི་ཐོག་ནས་དོ་སྣང་བྱུང་བར། བོད་ནང་གི་བོད་མི་ཚོས་ཨ་རིའི་སྲིད་འཛིན་གྱི་འཚམས་གཟིགས་འདིར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ (USCIRF) ཀྱི་ཚོགས་གཞོན་ཨ་སིཧྥ་མོཧྭ་མདྷ་ནས་སྲིད་འཛིན་ཊམཔ་གྱིས་ཆོས་དད་རང་དབང་འདི་ཨ་རིའི་ཕྱི་སྲིད་ཀྱི་གཙོ་གནད་དུ་བཟུང་སྟེ། ཆོས་ཕྱོགས་མི་སྣ་བཙོན་འཇུག་བྱས་པ་རྣམས་གློད་བཀྲོལ་གཏོང་རྒྱུའི་རེ་སྐུལ་གནང་འདུག་ལ། རྒྱ་ནག་གིས་ ༡༩༩༥ ལོར་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་པ་ལྟར། མ་འོངས་པར་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱ་རྒྱུའི་འཆར་གཞི་ཡོད་པར་བློ་འཚབ་དང་། ཨ་རིའི་གཞུང་གིས་རྒྱ་ནག་གི་ཐེ་ཇུས་འདིར་གདོང་ལེན་བྱེད་དགོས་པའི་ནན་བརྗོད་གནང་འདུག
ཁོང་གིས་ད་དུང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཨ་རིའི་གཞུང་ལ་རྒྱ་ནག་གིས་བོད་མི་ནང་པ་ཚོར་རང་དབང་དང་ཞི་བའི་ངང་ཚུལ་ཐོག་ནས་ཆོས་དད་ཉམས་ལེན་བྱེད་འཇུག་དགོས་པ་དང་། རྒྱ་ནག་གཞུང་གིས་ཐེ་བྱུས་མི་ཡོང་བར་གདོང་ལེན་བྱེད་དགོས་པའི་སྐོར་རྒྱབ་གཉེར་བསྟུད་མར་ཞུ་བཞིན་ཡོད་པ་རེད་ཅེས་ཀྱང་གསུངས་འདུག
གཟིགས་སྐོར་དང་མགྲོན་འབོད།
ཕྱི་ཟླ་ ༥ ཚེས་ ༡༤ ཉིན་གྱི་ཕྱི་དྲོ་སྲིད་འཛིན་ཊམཔ་ཡིས་པེ་ཅིང་ཐན་དན་ཞེས་གོང་མའི་མཆོད་འབུལ་བྱ་ཡུལ་ལྷ་ཁང་ལ་གཟིགས་སྐོར་གནང་པ་དང་། དགོང་དྲོ་ཨ་རིའི་སྲིད་འཛིན་ཊམཔ་ལ་རྒྱལ་དོན་གསོལ་སྟོན་ཞིག་གོ་སྒྲིག་གནང་བ་དང་། དེའི་ཐོག་ཞི་ཅིན་ཕིང་གིས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ནི་འཛམ་གླིང་ཐོག་ཆེས་གལ་འགངས་ཆེ་ཤོས་དེ་ཆགས་ཡོད་པས། ང་ཚོས་འབྲེལ་བ་འདི་ལམ་ལྷོངས་ཡོང་བ་བྱེད་དགོས་པ་ལས་གཏོར་བཤིག་གཏོང་མི་རུང་ཞེས་བརྗོད་ཡོད།
ཡང་སྲིད་འཛིན་ཊམཔ་ཡིས་ཞི་ཅིན་ཕིང་ལ་ཕྱི་ཟླ་ ༩ ཚེས་ ༢༤ ཉིན་ཨ་རིའི་ཕོ་བྲང་དཀར་པོར་གཟིགས་སྐོར་དུ་ཕེབས་རྒྱུའི་མགྲོན་འབོད་གནང་ཡོད་པ་རེད། ཚེས་ ༡༥ ཉིན་དབུ་ཁྲིད་གཉིས་ཀྱིས་མཉམ་དུ་གསོལ་ཇ་དང་ཉིན་གུང་གསོལ་ཚིགས་རྗེས་སྲིད་འཛིན་ཊམཔ་ཨ་རིར་ཕྱིར་ལོག་ཕེབས་རྒྱུ་རེད་འདུག
དེ་མིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་མཚོན་ན། སྲིད་འཛིན་ཊམཔ་བཞུགས་ཡུལ་གསོལ་མགྲོན་ཁང་སོགས་ས་གནས་ཁག་ནས་བདེ་འཇགས་སྐོར་སྲུང་བ་དང་ཉེན་རྟོག་པས་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་འདུག
ཁ་སྣོན། བདེ་སྐྱིད་ཀུན་སྒྲོལ། བསྟན་འཛིན་བདེ་སྐྱིད། བཀྲ་དབང་།
པར་རིས་དང་བརྙན་པར་སྒྲིག་སྦྱོར། ནོར་སྡེ་སྒྲོལ་མ།
