ཕྱི་ལོ་ ༢༠༢༠༦ ཟླ་ ༥ ཚེས་ ༡༥ ཉིན་ཨ་རིའི་སྲིད་འཛིན་ཊམཔ་ཡིས་རྒྱ་ནག་གི་རྒྱལ་དོན་འཚམས་གཟིགས་མཇུག་བསྒྲིལ་ཏེ་པེ་ཅིང་ནས་ཉིན་རྒྱབ་ཨ་རིའི་ཕྱོགས་སུ་ཕྱིར་ཕེབས་ཐོན་གནང་ཡོད། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་དང་ལྷན་དུ་ཚོང་དོན་དང་ས་ཁུལ་གྱི་བདེ་འཇགས། ཐའེ་ཝན་གྱི་གནད་དོན་སོགས་ཀྱི་ཐོག་གླེང་མོལ་རྒྱ་ཆེན་པོ་བྱུང་སྐོར་སྲིད་འཛིན་ཊམཔ་ནས་གསུངས་ཤིང་། ཐའེ་ཝན་ལ་འཛིན་པའི་ཨ་རིའི་སྲིད་ཇུས་ལ་གཞུང་འཛིན་རིམ་པས་གཅིག་གྱུར་ཡིན་པ་བརྗོད་འདུག

ཨ་རི་དང་རྒྱ་ནག་གི་འབྲེལ་བ།
སྲིད་འཛིན་ཊམཔ་པེ་ཅིང་ནས་མ་ཐོན་སྔོན་ཞི་ཅིན་ཕིང་གིས་རྒྱ་ནག་དབུས་གཞུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་གནས་ཡུལ་ཀྲུང་ནན་ཧའེ་ལ་གདན་ཞུས་ཀྱིས་སྣེ་ལེན་དང་མེ་ཏོག་ལྡུམ་རྭའི་ནང་ལྟ་སྐོར་གནང་ཡོད་ཅིང་། སྲིད་འཛིན་ཊམཔ་ནས་ཡུལ་གཉིས་བར་ཚོང་དོན་གྲོས་ཆིངས་ཁག་ཅིག་བཞག་ཐུབ་པ་དང་། གཞན་གྱིས་ཐག་གཅོད་མི་ཐུབ་པའི་གནད་དོན་མང་པོ་ཐག་གཅོད་ཐུབ་པ། ཨི་རན་སྐོར་གླེང་སྐབས་རྒྱལ་ཁབ་གཉིས་ཀྱི་ལྟ་ཚུལ་འདྲ་པོ་ཡོད་པ་དང་། ཧོར་མོཛི་མཚོ་འགག་སྒོ་དབྱེ་བྱ་རྒྱུའི་འདོད་མོས་ཕྱོགས་གཉིས་ཀར་ཡོད་པ། དེ་མིན་གནད་དོན་མང་པོའི་ཐོག་བགྲོ་གླེང་བྱུང་སྐོར་གསུངས་འདུག
སྲིད་འཛིན་ཊམཔ་ནས་སྲིད་འཛིན་གྱི་དམིགས་བསལ་གནམ་གྲུའི་ནང་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། ང་ཚོར་བྷོ་ཡིང་གནམ་གྲུ་ ༢༠༠ ལྷག་གི་མངགས་ཉོ་བྱུང་བ་མ་ཟད། ད་དུང་དེ་མིན་གནམ་གྲུ་ ༧༥༠ ཙམ་ཉོ་རྒྱུའི་ཁས་ལེན་བྱུང་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་རིན་གོང་ཨ་སྒོར་ཐེར་འབུམ་མང་པོའི་ཨ་རིའི་སྲན་མ་དང་དེ་མིན་སོ་ནམ་ཐོན་སྐྱེད་ཉོ་རྒྱུའི་ཁས་ལེན་བྱས་ཡོད་སྐོར་གསུངས་འདུག འོན་ཀྱང་རྒྱ་ནག་གིས་གྲོས་མཐུན་བྱུང་སྐོར་ཡོངས་ཁྱབ་གསལ་བསྒྲགས་སྤེལ་མེད་པ་རེད།
ཐའེ་ཝན་གྱི་གནད་དོན་ཐོག་དོ་སྣང་།
སྲིད་འཛིན་ཊམཔ་ནས་གནས་གྲུའི་ནང་མུ་མཐུད་གསུངས་པར། ཞི་ཅིན་ཕིང་དང་མཇལ་འཕྲད་སྐབས་ཐའེ་ཝན་གྱི་གནད་དོན་ནི་གླེང་གཞི་གཙོ་བོ་ཞིག་ཆགས་ཡོད་ཀྱང་། གནད་དོན་འདིའི་རྐྱེན་གྱིས་ཝ་ཤིང་ཊོན་དང་པེ་ཅིང་དབར་གདོང་ཐུག་ཡོང་རྒྱུར་ཡིད་ཆེས་བྱེད་ཀྱི་མེད། ཁོང་ (ཞི་ཅིན་ཕིང་) གིས་ཐའེ་ཝན་རང་བཙན་ལ་འདོད་པ་བྱེད་ཀྱི་མི་འདུག གང་ཡིན་ཟེར་ན་དེས་ཧ་ཅང་ཚབས་ཆེ་བའི་འགོག་རྒོལ་ཐོན་རྒྱུ་རེད། ངས་ཁོང་གི་འགྲེལ་བཤད་མཇུག་བར་དུ་ཉན་པ་ཡིན་ཞེས་དང་། སྲིད་འཛིན་ཊམཔ་ནས། གྲོས་མོལ་རིང་ངོས་ནས་ཐའེ་ཝན་གྱི་གནད་དོན་ཐོག་ཁས་ལེན་གང་ཡང་བྱས་མེད་ཅེས་ནན་བརྗོད་དང་། ཁོང་གིས་གང་མྱུར་ཐའེ་ཝན་ལ་གོ་མཚོན་བཙོང་རྒྱུའི་འཆར་གཞིར་ཐག་གཅོད་བྱ་རྒྱུ་ཡིན་པ་གསུངས་འདུག
གཞན་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་རུ་བྷིའོ་ལ་ཨ་རིའི་ NBC གསར་འགྱུར་ཁང་གིས་བཅའ་འདྲི་ཞུ་སྐབས་ལན་འདེབས་གནང་བར། ཝ་ཤིང་ཊོན་གྱི་ཐའེ་ཝན་སྲིད་ཇུས་ལ་འགྱུར་བ་གང་ཡང་ཕྱིན་མེད། ཕྱོགས་གཅིག་གིས་དྲག་པོའི་སྟོབས་ཤུགས་ལ་བརྟེན་ནས་ད་ཡོད་ཀྱི་གནས་བབ་ལ་བསྒྱུར་བ་གཏོང་རྒྱུར་ཨ་རིའི་གཞུང་གིས་མུ་མཐུད་དགག་པ་ཡོད་པ་གསུངས་ཤིང་། ཁོང་གིས་བཙན་དབང་ཐོག་ནས་ད་ཡོད་གནས་བབ་ལ་བསྒྱུར་བ་གཏོང་ཐབས་བྱས་ཚེ་གནད་དོན་དཀའ་ངལ་བཟོ་རྒྱུ་རེད་ཅེས་དང་། ཨ་རིའི་སྲིད་ཇུས་འདི་ནི་གཞུང་འཛིན་རིམ་པའི་ནང་གཅིག་གྱུར་ངང་གནས་ཡོད་ཅེས་གསུངས་འདུག
ཡང་ཐའེ་ཝན་དུ་ཡོད་པའི་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསུངས་པར། ལོ་མང་རིང་ཐའེ་ཝན་གཞུང་དང་མི་དམངས་ཀྱིས་ཨ་རིར་བློས་བསྐྱལ་ནས་ཡོད་པ་དང་། ཨ་རིའི་ཕྱོགས་ནས་ཡིན་རུང་ཐའེ་ཝན་ལ་དཀའ་ངལ་འཕྲད་པའི་སྐབས་སུ་ཨ་རི་ཡོད་ཅེས་གསུང་བཞིན་ཡོད། ཐའེ་ཝན་ཕྱོགས་སུ་དཀའ་ངལ་ཐེངས་མང་པོ་འཕྲད་མྱོང་པ་དང་། རྒྱ་ནག་གིས་ཐའེ་ཝན་ལ་སྡིག་ར་ཐེངས་མང་བཏང་མྱོང་ཡོད། འོན་ཀྱང་ཕྱི་གསལ་ནང་གསལ་ངང་ཨ་རིའི་རྒྱབ་སྐྱོར་མུ་མཐུད་གནས་པ་ཞིག་རེད། ད་རེས་ཕྱགས་གཉིས་ཀས་ཡོངས་ཁྱབ་གནང་མེད་པ་རུང། བཀའ་མོལ་དང་ལན་འདེབས་ཐོག་ནས་རྣམ་འགྱུར་འདི་གསལ་པོ་ཆགས་ཡོད། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཐའེ་ཝན་དང་ཨ་རིའི་འབྲེལ་བ་མུ་མཐུད་གནས་རྒྱུ་ཡིན་པ་གསུངས་པ་བཞིན་ཐའེ་ཝན་མི་དམངས་ཀྱིས་ཡིད་ཆེད་དང་བློས་སྐྱེལ་བྱས་ནས་བཞུགས་འདུག་ཅེས་དང་། ཐའེ་ཝན་ནང་གོ་མིང་ཏང་ཆབ་སྲིད་ཚོགས་པས་རྒྱ་ནག་དང་ཞི་བའི་གྲོས་མོལ་བྱ་རྒྱུ་གླེང་བཞིན་ཡོད་པ་འདིའི་ཐོག་ཐའེ་ཝན་ནང་གི་མི་སྣ་མང་པོས་བོད་ནང་བཙན་དབང་འོག་བཞག་དགོས་བྱུང་པའི་ ༡༩༥༡ ལོའི་བོད་དང་རྒྱ་ནག་གི་དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་འདི་བསླབ་བྱར་ལེན་རྒྱུ་གལ་ཆེན་པོ་ཡིན་པ་བརྗོད་ཀྱི་ཡོད་སྐོར་ཡང་གསུངས་བྱུང་།
སྲིད་འཛིན་གྱི་རྒྱལ་དོན་འཚམས་གཟིགས་མཇུལ་བསྒྲིལ་བ།
སྲིད་འཛིན་ཊམཔ་གཟའ་པ་སངས་ཀྱི་ཕྱི་དྲོ་སྲིད་འཛིན་གྱི་དམིགས་བསལ་གནམ་གྲུའི་ཐོག་པེ་ཅིན་ནས་ཕྱིར་ཐོན་གནང་ཡོད་པ་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཕེབས་སྐྱེལ་དུ་བཅར་ཡོད་པ་དང་། པེ་ཅིང་གི་གནམ་ཐང་དུ་ས་གདན་དམར་པོ་དང་། དམག་མིའི་རུ་སྒྲིག དེ་བཞིན་ཨ་རི་དང་རྒྱ་ནག་གི་རྒྱལ་དར་གཡུག་བཞིན་པའི་ན་གཞོན་ཚོགས་པ་བཅས་ཀྱིས་ཕེབས་སྐྱེལ་ཞུས་ཡོད།

བོད་ཕྱི་ནང་གི་བོད་མིའི་ལྟ་ཚུལ།
བོད་ནང་མཚོན་ན། ཨ་རིའི་སྲིད་འཛིན་ཊམཔ་རྒྱ་ནག་ཏུ་རྒྱལ་དོན་གྱི་འཚམས་འདྲིར་ཕེབས་པ་ནས་སྤྱི་ཚོགས་དྲ་རྒྱའི་ཐོག་བོད་ནང་གི་བོད་མི་ཚོས་དོ་སྣང་ཆེན་པོ་བྱས་ཡོད། ཚེས་ ༡༥ཉིན་གྱི་བོད་ལྗོངས་ཉིན་ཚགས་པར་ཐོག་སྲིད་འཛིན་གཉིས་ཀྱི་གླེང་མོལ་སྐོར་བཀོད་ཡོད་ཅིང་། དེའི་ནང་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྐོར་དང་ཚོང་དོན་སྐོར། ཐའེ་ཝན་གྱི་གནད་དོན་སྐོར་སོགས་རྒྱ་ནག་གི་ལངས་ཕྱོགས་ཞིབ་ཕྲ་བཀོད་ཡོད་པ་ལས། སྲིད་འཛིན་ཊམཔ་ཡི་གཏམ་བཤད་ཀྱི་ནང་དོན་ནི་ཞི་དང་རྒྱ་ནག་གི་འབྲེལ་བར་བསྔགས་བརྗོད་བྱས་པ་ཁག་བཀོད་པ་ལས་ཚོང་དོན་དང་ཐའེ་ཝན་སྐོར་གླེང་པའི་ཨ་རིའི་སྲིད་འཛིན་གྱི་ལངས་ཕྱོགས་གང་ཡང་བཀོད་མི་འདུག་ན་ཡང་བོད་ཡིག་ལྟ་ཀློག་བྱེད་མཁན་ཚོས་དྲ་རྒྱའི་ཐོག་ཨ་རིའི་སྲིད་འཛིན་ལ་དགའ་རྟགས་ཀྱི་རྣམ་འགྱུར་སྟོན་མཁན་མང་པོ་བྱུང་འདུག ཡང་ཨ་རིའི་སྲིད་འཛིན་ཊམཔ་རྒྱ་ནག་ལ་རྒྱལ་དོན་གྱི་འཚམས་གཟིགས་ལ་མ་ཕེབས་སྔོན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ། བོད་ནང་གི་བོད་མི། བཙན་བྱོལ་ནང་གི་བོད་མི་སོགས་ཕྱོགས་མང་པོ་ནས་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།།
པར་རིས་དང་བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
