ཉི་ཧོང་ནང་བོད་དོན་ཐོག་མཉམ་རུབ་ཡོང་ཆེད་ཚོཊ་པ་གསར་འཛུཊ།

2016-12-14
གློག་འཕྲིན།
མཆན།
Share
པར་བཀོད།
ཉི་ཧོང་ནང་གྲོས་ཚོགས་གོང་འོག་གི་ཆབ་སྲིད་ཚོགས་པ་ཚང་མ་མཚོན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་སྐབས། ༢༠༡༦།༡༢།༡༣
ཉི་ཧོང་ནང་གྲོས་ཚོགས་གོང་འོག་གི་ཆབ་སྲིད་ཚོགས་པ་ཚང་མ་མཚོན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་སྐབས། ༢༠༡༦།༡༢།༡༣
tibet.net

ཁ་ས་ཉི་ཧོང་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཚང་མ་མཚོན་ཐུབ་པའི་ཚོགས་ཆུང་ལྷན་ཚོགས་ཐོག་ཆབ་སྲིད་ཚོགས་པ་ཚང་མས་བོད་དོན་ཐོག་མཉམ་རུབ་ཐོག་ནས་རྒྱབ་སྐྱོར་ཞུ་ཆེད་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་All Party Japanese Parliamentary Group for Tibet་ཞེས་པའི་ཚོགས་ཆུང་ཞིག་གསར་འཛུགས་གནང་འདུག
དེ་ཡང་ཁ་ས་ཕྱི་ཟླ་༡༢་ཚེས་༡༣ཉིན་གྱི་སྔ་དྲོ་གནམ་གཤིས་ཧ་ཅང་གྲང་ངར་ཆེ་ཡང་མ་འཛེམས་པར་གྲོས་ཚོགས་འཐུས་མི་རྣམས་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ལྷན་འཛོམས་གནང་ནས། བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་རྣམ་འགྱུར་བསྟན་འདུག སྐབས་དེར་ཉི་ཧོང་གྲོས་ཚོགས་གོང་འོག་གི་ཆབ་སྲིད་ཚོགས་པ་ཚང་མའི་ངོ་བོ་མཚོན་པའི་གྲོས་ཚོགས་འོག་མ་ནས་འཐུས་མི་༥༨་དང་གོང་མ་ནས་འཐུས་མི་༢༤་བཅས་མཉམ་ཞུགས་གནང་འདུག
སྐབས་དེར་གྲོས་ཚོགས་འོག་མའི་འཐུས་མི་དང་དེ་སྔ་ཡུལ་དེའི་ཤེས་རིག་བཀའ་བློན། དེ་བཞིན་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡིན་པ་སྐུ་ཞབས་Shimomura Hakubun་མཆོག་གིས། ལས་གཞི་འདི་ནི་ལོ་ལྔའི་གོང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ཡུལ་དུ་ཆིབས་བསྒྱུར་བསྐྱང་སྐབས་བྱུང་བའི་བསམ་ཚུལ་གཞི་རྩར་བཟུང་ནས་ཐེངས་འདིར་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བ་ཞིག་ཡིན་སྐོར་གསུངས་པ་མ་ཟད། ཉེ་ལམ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེར་ཆིབས་བསྒྱུར་བསྐྱང་སྐབས་ཉི་ཧོང་གྲོས་ཚོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པར་ཐུགས་རྗེ་ཆེ་ཞུས་འདུག
དེ་བཞིན་ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Hakubun མཆོག་གིས། བོད་མི་རྣམས་ནི་ལོ་ངོ་སྟོང་ཕྲག་རིང་ནས་འཚེ་མེད་ཞི་བའི་ཐབས་ལམ་གཞི་རྩར་བཟུང་བའི་ལྟ་གྲུབ་ཉམས་ལེན་བྱེད་མཁན་ཞིག་ཡིན་པ་མ་ཟད། བོད་བརྒྱུད་ནང་བསྟན་ནི་དེང་སང་དམག་འཁྲུག་དང་འཚེ་བའི་ལས་འགུལ་ཇེ་ཆེར་འགྲོ་བཞིན་པའི་འཛམ་གླིང་གི་གནས་སྟངས་ལ་གདོང་ལེན་ཆེད་ཞབས་འདེགས་སྒྲུབ་རྒྱུའི་ནུས་པ་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན་ལུགས་གསུངས་འདུག
སྐབས་དེར་ཉི་ཧོང་གི་གསར་འགོད་པ་དང་སྲིད་བྱུས་སློབ་སྟོན་པ་ལྕམ་སྐུ་ཡོ་ཤི་ཀོ་ས་ཀུ་ར་ཡི་ (Yoshiko Sakurai)་ལགས་ཀྱིས། ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཐེངས་འདིར་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་པར་འཚམས་འདྲི་དང་སྦྲགས་བསྔགས་བརྗོད་ཞུས་པ་མ་ཟད། བོད་མི་རྣམས་ལ་ཉི་ཧོང་ནང་རིག་གནས་འདྲ་མིན་ཐོག་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བསྐྲུན་དགོས་པ་དང་། དེའི་ཆེད་དུ་བོད་མི་རྣམས་ལ་སློབ་ཡོན་ལས་གཞི་མང་དུ་གཏོང་དགོས་པའི་བསམ་ཚུལ་ཡང་བཏོན་འདུག
ཡང་སྐུ་ཚབ་དོན་གཅོ་ལུང་རྟོགས་ལགས་ཀྱིས་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཐོག་ཉི་ཧོང་གིས་གཙོས་རང་དབང་ལྡན་པའི་རྒྱལ་ཁབ་ཚོས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་བར་བརྟེན་བོད་ཀྱི་གནད་དོན་ད་བར་རྩ་མེད་དུ་མ་སོང་བར་གསོན་པོར་གནས་ཐུབ་ཡོད་སྐོར་གསུངས་འདུག
དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་ཐུགས་རྗེ་ཆེ་ཞུས་འདུག།

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།