རྒྱལ་སྤྱིའི་གསར་འགོད་པ་ཚོ་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ལ་གཏོང་མི་འོས་བའི་འབོད་སྐུལ་བྱས་འདུག

2021-09-08
Share
རྒྱལ་སྤྱིའི་གསར་འགོད་པ་ཚོ་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ལ་གཏོང་མི་འོས་བའི་འབོད་སྐུལ་བྱས་འདུག རྒྱལ་སྤྱིའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་རྒྱ་ནག་ནང་ཚོགས་རྒྱུར་འོས་བབ་མེད་པའི་ངོ་རྒོལ་ལས་འགུལ་སྐབས། ༢།༣།༢༠༢༡
RFA

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་གཙོས་ཚོགས་པ་ཁག་ཅིག་ནས་རྒྱལ་སྤྱིའི་གསར་ལམ་ཁག་ལ་གསར་འགོད་པ་ཚོ་རྒྱ་ནག་ནང་ཚོགས་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་གྱི་གནས་ཚུལ་མཁོ་སྒྲུབ་བྱེད་པར་གཏོང་མི་འོས་བའི་འབོད་སྐུལ་བྱས་འདུག
ཕྱི་ལོ་༢༠༢༢་ལོའི་ཕྱི་ཟླ་གཉིས་པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ། རྒྱལ་སྤྱིའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་ཚོགས་འཆར་ཡོད་པ་དང་། ད་བར་ཕྱོགས་གང་ས་ནས་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་གཞིགས་པས་རྩེད་འགྲན་ཕྱིར་འཐེན་བྱེད་དགོས་ལུགས་ཞུ་སྐུལ་དང་ངོ་རྒོལ་རབ་དང་རིམ་པ་བྱས་ཡོད་པ་རེད།
ད་ཐེངས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་(International Tibet Network)་གཙོས། ཡུ་གུར་ལས་འགུལ་བ་དང་། ཧོང་ཀོང་སོགས་ཀྱི་དམངས་གཙོ་དོན་གཉེར་བའི་ཚོགས་པ་ཁག་ཅིག་ནས་རྩེད་འགྲན་གྱི་གནས་ཚུལ་རྒྱང་སྲིང་བྱེད་མཁན་གྱི་སྦྱིན་བདག་གཙོ་བོའི་གྲས་ཨ་རིའི་(NBC)་གསར་ཁང་དང་། གཞན་ཡང་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཆེ་ཁག་ཚོར་སྙན་ཞུ་ཕུལ་ཡོད་པ་ཨེ་པི་གསར་ལས་ཁང་ནས་ལུང་འདྲེན་གྱིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་མི་སྤྱོད་ལས་འདས་པའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་འདི་འདྲའི་འོག་གསར་འགྱུར་ལས་ཁང་ཚོའི་ངོས་ནས། གལ་སྲིད། རྒྱ་ནག་ནང་ཚོགས་རྒྱུའི་རྩེད་འགྲན་སྐོར་གནས་ཚུལ་རྒྱང་སྲིང་བྱས་པ་ཡིན་ན། དེ་ནི་རྒྱ་ནག་དང་མཉམ་ངན་པ་ལག་སྦྲེལ་བྱས་པ་ལྟ་བུ་ཞིག་ཆགས་ཀྱི་རེད་ལ། དེ་ནི་མི་རིགས་རྩ་མེད་བཟོ་མཁན་གྱི་གཞུང་གིས་རྒྱལ་སྤྱིའི་རྩེད་འགྲན་གྱི་ལམ་སྲོལ་དེ་བཞིན་བེད་སྤྱོད་ལོག་པར་གཏོང་ཐབས་སུ་མཐུན་འགྱུར་བྱས་པ་ལྟ་བུ་ཞིག་ཀྱང་རེད་ཅེས་བཀོད་ནས། རྒྱལ་སྤྱིའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་རྒྱ་ནག་ནང་འཚོགས་སྐབས་གསར་འགོད་པ་ཚོ་གཏོང་རྒྱུ་ཕྱིར་འཐེན་བྱས་ནས་གནས་ཚུལ་མཁོ་སྒྲུབ་མི་བྱེད་རྒྱུའི་འབོད་སྐུལ་བྱས་འདུག
སུད་སིར་རྟེན་གཞི་བྱས་པའི་(IOC)་ཞེས་རྒྱལ་སྤྱིའི་ཨོ་ལིམ་པིཀསི་ལྷན་ཚོགས་ཀྱིས་རྩེད་འགྲན་ཐེངས་དྲུག་(NBC)་བརྙན་འཕྲིན་ཁང་ལ་རྒྱང་སྲིང་བྱ་རྒྱུའི་ཆོད་གན་བཞག་ཡོད་པ་དང་། དེའི་ཐོག་ནས་ཨ་སྒོར་ཐེར་འབུམ་བདུན་དང་གྲངས་ཆུང་བདུན་ཅུ་དོན་ལྔ་རྒྱལ་སྤྱིའི་ཨོ་ལིམ་པིཀསི་ལྷན་ཚོགས་ལ་ཡོང་འབབ་ཡོང་གི་ཡོད་པ་དེ་ནི་ཁྱོན་ཡོངས་ཀྱི་ཡོང་འབབ་ཀྱི་བརྒྱ་ཆ་བཞི་བཅུ་ཙམ་ཡིན་པ་རེད། གོང་ཞུས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲས་མཐོང་ལྷག་སྒྲོན་ལགས་ནས། གསར་འགྱུར་ལས་ཁང་(NBC)་དང་སིབྷི་སི་སོགས་གསར་འགྱུར་ལས་ཁང་ཁག་ནས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་མི་རིགས་སོགས་ཀྱི་ཐོག་དྲག་གནོན་གྱི་བྱ་སྤྱོད་བསྟུད་མར་སྤེལ་བཞིན་པའི་གནད་དོན་ལས་ལྡོག་ཏེ་རྒྱ་ནག་གི་རྩེད་འགྲན་སྐབས་བསྐྱོད་ན་དེ་ནི་མ་འོས་བ་ཡིན་པའི་སྐྱོན་བརྗོད་བྱས་འདུག འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་ངོ་རྒོལ་ལས་འགུལ་དེ་དག་ནི་རྩེད་འགྲན་དང་ཆབ་སྲིད་གཉིས་མཉམ་བསྲེས་བྱེད་པའི་གཞི་མེད་ཉེས་འཛུགས་རེད་ཅེས་ཚུར་ཁ་རྡུང་གཏོང་གི་ཡོད་པ་རེད།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།