ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་གཅིག་རྗེས་གཉིས་མཐུད་དུ་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་ངོ་རྒོལ་བྱས།

2021-12-08
Share
ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་གཅིག་རྗེས་གཉིས་མཐུད་དུ་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་ངོ་རྒོལ་བྱས། རྒྱ་ནག་གཞུང་གིས་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་གྱི་མགྲོན་བདག་བྱེད་བཞིན་པར་ཨ་རི་ནས་ངོ་རྒོལ་ལས་འགུལ་སྐབས། ༡༡།༢༠༢༡
AFP

སྤྱི་ལོ་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་དེ་བཞིན་རྒྱ་ནག་པེ་ཅིན་དུ་ཚོགས་རྒྱུར་ཉིན་གྲངས་༥༩་ཙམ་ལས་ལྷག་མེད་པའི་དུས་སྐབས་འདིར། རྒྱ་ནག་གཞུང་གིས་ཡུ་གུར་གཙོས་གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་འོག འདི་ཚེས་༦་ཉིན། ཨ་རིའི་སྲིད་འཛིན་སྦཡེ་ཌེན་སྲིད་གཞུང་གི་ངོས་ནས་༢༠༢༢་ལོའི་སྤྱི་ཟླ་༢་པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོགས་གཏན་འཁེལ་བའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ནང་། ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་དང་གཞུང་འབྲེལ་སྐུ་ཚབ་རྣམས་མངགས་གཏོང་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་དང་། དེའི་རྗེས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཨོསི་ཊརེ་ལི་ཡ་དང་། དབྱིན་ཡུལ་དང་། སུ་ཀོ་ཊི་ལན་ཌི། ཁེ་ཎ་ཌ་བཅས་ཀྱིས་རྒྱ་ནག་གི་ཉེན་བརྡ་ལ་མ་འཛེམས་པར་གཅིག་རྗེས་གཉིས་མཐུད་དུ། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོགས་གཏན་འཁེལ་བའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ནང་། རྒྱལ་ཁབ་དེ་དག་གི་ཕྱི་འབྲེལ་མི་སྣ་དང་གཞུང་འབྲེལ་སྐུ་ཚབ་རྣམས་མངགས་གཏོང་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་ནས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་གཞུང་འབྲེལ་ངོ་རྒོལ་བྱས་ཡོད་པ་རེད།
གཟའ་ལྷག་པའི་ཉིན་ཨོསི་ཊརེ་ལི་ཡའི་སྲིད་བློན་(Scott Morrison)་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག ཨོསི་ཊརེ་ལི་ཡ་གཞུང་གི་ཐག་གཅོད་དེ་ནི་རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་། གཞན་ང་ཚོའི་ངོས་ནས་རྒྱ་ནག་གཞུང་དང་མཉམ་གནད་དོན་མང་པོའི་ཐོག་གླེང་མོལ་ཞུ་ཐབས་བྱས་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་ཡ་ལན་ཚད་ལྡན་ཞིག་སྤྲད་མེད་ཐོག རྒྱ་ནག་གཞུང་གིས་ཨོསི་ཊརེ་ལི་ཡའི་ཆབ་སྲིད་དང་སྤྱི་ཚོགས་ནང་ཐེ་བྱུས་བྱེད་ཀྱི་ཡོད་པས། ཐག་གཅོད་དེ་འོས་མཚམས་ཡིན་པ་དང་། དེ་ནི་ང་ཚོའི་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་ཆེད་དུ་ཡིན་པ་འགྲེལ་བརྗོད་གནང་འདུག
གཞན་དབྱིན་ཇིའི་སྲིད་བློན་(Boris Johnson)་ལགས་གྱིས་གྲོས་ཚོགས་སུ། རྒྱ་ནག་པེ་ཅིང་དུ་འཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ཐོག་དབྱིན་ཇི་གཞུང་གི་བློན་ཆེན་སོགས་གཞུང་གི་དཔོན་རིགས་དང་ཕྱི་འབྲེལ་མི་སྣ་ཆེད་གཏོང་བྱེད་རྒྱུ་མིན། རྒྱུ་མཚན་ནི་གནད་དོན་མང་པོ་ཞིག་གི་ཐོག་ཏུ་རྒྱལ་ཁབ་གཉིས་བར་གྱི་ཛ་དྲག་གི་འབྲེལ་བ་དེ་སྤྱི་ལོ་༡༩༨༩་ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དྲག་གནོན་བྱས་པ་ཚུན་ནས་ཚད་གཞི་ཚབས་ཆེ་ཤོས་སུ་སླེབས་ཡོད་པ་དང་། དེ་ནས་ཧོང་ཀོང་གི་དམངས་གཙོར་གནོད་འཚེ་བཟོས་པ་དང་། དེ་བཞིན་ཤིན་ཅང་གི་གྲངས་ཉུང་མི་རིགས་ཐོག་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་སོགས་ལ་ངོ་རྒོལ་ཆེད་ཡིན་པ་གསུངས་འདུག
དེ་བཞིན་ཁེ་ཎ་ཌ་གཞུང་གིས་ཀྱང་གཞུང་གི་ཕྱི་འབྲེལ་མི་སྣ་རྒྱ་ནག་ནང་འཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ཐོག་གཏོང་རྒྱུ་མིན་པའི་ཐག་གཅོད་གནང་འདུག
ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་གཅིག་རྗེས་གཉིས་མཐུད་དུ། སོ་སོའི་གཞུང་གི་ ཕྱི་འབྲེལ་མི་སྣ་རྒྱ་ནག་ནང་འཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ཐོག་ཕེབས་རྒྱུ་མིན་པའི་ཐག་གཅོད་གནང་རྗེས། རྒྱ་ནག་གི་ཕྱོགས་ནས་ཐག་གཅོད་དེར་སྐྱོན་བརྗོད་བྱས་ཐོག ༢༠༢༢་ལོའི་པེ་ཅིན་ཨོ་རྩལ་འགྲན་ཚོགས་ནང་རྒྱལ་ཁབ་དེ་དག་གི་གཞུང་འབྲེལ་ཆབ་སྲིད་མི་སྣ་མ་སླེབས་ན་དེས་ཁྱད་པར་གང་ཡང་བཟོ་གི་མ་རེད། འོན་ཀྱང་། འབྱུང་འགྱུར་རྒྱ་ནག་གི་ངོས་ནས་ཁོང་ཚོའི་ཐག་གཅོད་དེ་དག་ལ་བརྡ་ལན་ཞིག་ངེས་པར་དུ་སྤྲོད་རྒྱུ་ཡིན། དེ་དུས་མཇུག་འབྲས་སྡུག་པོ་དེའི་རིན་བབ་སྤྲོད་དགོས་ངེས་རེད་ཅེས་ཉེན་བརྡ་བཏང་འདུག
དེ་སྔོན་སྤྱི་ལོ་༡༩༧༩་ལོའི་སྤྱི་ཟླ་༡༢་ཚེས་༢༧་ཉིན་ཨུ་རུ་སུ་མཉམ་འབྲེལ་གྱིས་ཨབ་གྷན་(Afghanistan)་ལ་བཙན་འཛུལ་བྱས་པའི་རྒྱུ་མཚན་གྱིས། ༡༩༨༠་ལོར་ཨུ་རུ་སུའི་ནང་དུ་ཚོགས་པའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་ནང་ཨ་རིས་གཞུང་འབྲེལ་མི་སྣ་ཙམ་མ་ཟད་རྩེད་འགྲན་པ་ཚོ་ཡང་མངགས་གཏོང་མཉམ་ཞུགས་གནང་མེད་པ་རེད།

གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།