རྒྱ་ནག་གཞུང་གིས་ལོ་རྒྱུས་ལ་འཁྱོག་བཤད་ཀྱིས་བོད་བཅིངས་གྲོལ་ཟེར་བ་བཏང་ཚུལ་དྲིལ་བསྒྲགས།

2021-09-08
Share
རྒྱ་ནག་གཞུང་གིས་ལོ་རྒྱུས་ལ་འཁྱོག་བཤད་ཀྱིས་བོད་བཅིངས་གྲོལ་ཟེར་བ་བཏང་ཚུལ་དྲིལ་བསྒྲགས། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་རིག་གནས་གསར་བརྗེ་སྐབས་འཐབ་རྩོད་བྱས་སྐབས། ༡༩༦༤
དྲ་བཤུས། /File Photo

རྒྱ་ནག་གཞུང་གིས་ལོ་རྒྱུས་ལ་འཁྱོག་བཤད་ཀྱིས་བོད་བཅིངས་གྲོལ་བཏང་ཡོད་ཚུལ་དྲིལ་བསྒྲགས་ལོག་པ་བྱེད་བཞིན་པ་ལོ་རྒྱུས་ཉམས་ཞིབ་པས་ངོས་འཛིན་བྱེད་ཀྱི་འདུག
ཉེ་ལམ་བོད་ཀྱི་རྒྱལ་ས་ལྷ་སར་བོད་ལྗོངས་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་ངོ་༧༠་འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ཟེར་བ་ཞིག་ཚོགས་འདུག་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་ཞེས་གོ་གནས་སྤྲད་པའི་རྒྱ་ནག་གིས་པཎ་ཆེན་ཡང་སྲིད་དུ་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཡོད་ཚུལ་གནས་ཚུལ་སྤེལ་ནས། དྲིལ་བསྒྲགས་རང་བཞིན་གྱི་འགྲེམས་སྟོན་དེའི་ནང་༡༩༤༩་ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་རྒྱ་ནག་དབུས་གཞུང་ལ་གློག་འཕྲིན་བཏང་ནས་བོད་བཅིངས་གྲོལ་གཏོང་རྒྱུའི་རེ་འདུན་བཏོན་ཡོད་ཚུལ་གྱི་དྲིལ་བསྒྲགས་དང་འབྲེལ་བའི་པར་རིས་སོགས་འགྲེམས་སྟོན་བྱས་འདུག འོན་ཀྱང་། དེའི་ཐད་ལོ་རྒྱུས་སྨྲ་བ་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས། རྒྱ་ནག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་བཅིངས་གྲོལ་གཏོང་རྒྱུའི་རེ་འདུན་བཏོན་ཡོད་ཚུལ་བཤད་པ་དེ་ལོ་རྒྱུད་འཁྱོག་བཤད་ཡིན་པ་དང་། དེ་པཎ་ཆེན་རིན་པོ་ཆེ་རང་ངོས་ནས་ཐུགས་ཐག་བཅད་པ་ཞིག་མིན་པར། རྒྱ་ནག་གཞུང་གིས་ཁོང་གི་མཚན་བཀོལ་སྤྱོད་ཀྱིས་མང་ཚོགས་མགོ་སྐོར་བསླུ་བྲིད་བཏང་བ་ཞིག་ཡིན་པ་མ་ཟད། སྐབས་དེ་དུས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་དགུང་ལོའི་བབ་ཀྱི་ཆ་ནས་ཀྱང་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྒྱུའི་དུས་ལ་བབ་མེད་ཅེས་འདི་གའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་གོང་ཞུས་གནས་ཚུལ་དེའི་སྐོར་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་ཀྱིས། ཁོང་གི་དཔེ་དེབ་“ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ།”ཞེས་པ་’འདིའི་ནང་། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་བཅིངས་གྲོལ་གཏོང་རྒྱུའི་རེ་འདུན་བཏོན་ཡོད་ཚུལ་རྒྱ་ནག་གཞུང་གིས་བཤད་པ་དེ་ནི་རྫུན་གཏམ་དགོད་བྲོ་བོ་ཞིག་ཡིན་པ་མ་ཟད། དགུང་ལོ་བཅུ་གཉིས་ལས་མ་སོན་ཞིང་། ཤེས་ཡོན་གྱི་སློབ་གསོ་མ་ཐོབ་པའི་ཁྱེའུ་དེས་རང་ཉིད་བོད་མི་དམངས་ཀྱི་སྐུ་ཚབ་ཡིན་ཞེས་ཡི་གེ་དེ་ལྟ་བུ་ཞིག་འབྲི་མི་ཐུབ་ལ། རང་གི་མཚན་ཐོག་ནས་དམར་ཤོག་ལ་དེ་ལྟ་བུ་ཞིག་བྲིས་ཡོད་པའང་ཁོང་གིས་མི་མཁྱེན་ཞེས་འཁོད་འདུག
ཡང་ལོ་རྒྱུས་སྨྲ་བ་གཙང་ཕྲུག་སྟོབས་ལགས་ཀྱིས། སྤྱི་ལོ་༡༩༤༩་ཟླ་བ་༡༠་པའི་ཚེས་༡་ཉིན་ནི་མའོ་ཙེ་ཏུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དྲིལ་བསྒྲགས་བྱས་པའི་ཉིན་མོ་དེ་རེད་ལ། ཉིན་མོ་དེ་དང་བསྟུན་ནས་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་ལྟ་བུ་བོད་ཀྱི་བླ་མ་མཐོ་ཤོས་ཤིག་གི་མཚན་བཀོལ་སྤྱོད་ཀྱིས་བོད་ལ་བཅིངས་གྲོལ་གཏང་དགོས་པའི་རེ་འདུན་བཏོན་ཡོད་ལུགས་བཤད་པ་དེས། ད་བར་རྒྱ་ནག་དམར་ཤོག་གིས་རྒྱལ་སྤྱིའི་ཐོག་ལ་དངོས་བདེན་མིན་པའི་ཁྱབ་བསྒྲགས་བྱེད་རྒྱུའི་གོ་སྐབས་ཤིག་ཀྱང་རག་ཡོད་ཅེས་དང་། གཞི་རྩ་སྤྱི་ལོ་༡༩༤༩་ཙམ་ནས་རྒྱ་ནག་གི་ནུབ་བྱང་དམག་དཔུང་གི་དཔོན་རིགས་ཧྥན་མིན་དང་པཎ་ཆེན་རིན་པོ་ཆེ་མཆོག་གི་ནང་ཁུལ་ལས་བྱེད་པ་ཅེ་འཇིགས་མེད་རྣམ་གཉིས་ཐུགས་འཕྲད་ཀྱིས་ཅེ་འཇིགས་མེད་ཀྱིས་རྒྱ་ནག་དམར་ཤོག་དང་མཉམ་ལས་ཇི་ལྟར་བྱེད་དགོས་པའི་སྐོར་ཧྥན་མིན་ལ་དྲིས་སྐབས། པཎ་ཆེ་རིན་པོ་ཆེ་རྒྱལ་སྤྱིའི་ཐོག་མཚན་སྙན་གྲགས་ཞེ་དྲགས་ཆེན་པོ་རེད། དེར་བརྟེན། རྒྱ་ནག་དམར་ཤོག་དབུ་བརྙེས་པའི་མཛད་སྒོའི་ཐོག་པཎ་ཆེན་རིན་པོ་ཆེའི་མཚན་ཐོག་ནས་བོད་བཅིངས་གྲོལ་གཏོང་རོགས་ཞེས་རེ་འདུན་ཞིག་ཕུལ་བ་ཡིན་ན་ཡག་པོ་ཡོད་པ་ཧྥན་མིན་གྱིས་གཞེན་སྐུལ་བྱས་པ་བཞིན། པཎ་ཆེ་རིན་པོ་ཆེའི་སྒེར་གྱི་དྲུང་ཡིག་དང་ཅེ་འཇིགས་མེད་གཉིས་ནས་ཧྥན་མིན་གྱིས་གང་བཤད་པ་དེ་ཡིག་ཐོག་ནས་བྲིས་ཏེ་མཐར་པཎ་ཆེན་རིན་པོ་ཆེ་མཚན་ཐོག་ནས་མའོ་ཙེ་ཏུང་དང་རྒྱ་ནག་དབུས་གཞུང་ལ་གློག་འཕྲིན་བཏང་ཡོད་པ་གནས་ཚུལ་དེ་ད་ཆ་རྒྱ་ནག་གཞུང་གིས་བེད་སྤྱོད་ལོག་པར་གཏོང་བཞིན་པ་དེ་རེད་ཅེས་ལོ་རྒྱུས་སྨྲ་བ་གཙང་ཕྲུག་སྟོབས་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།