རྒྱ་ནག་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་ཞུ་ཀྲི་ཡུང་ལ་མ་ཉེས་ཁ་གཡོག་གིས་ཁྲིམས་ཐོག་ཉེས་འཛུགས་བྱས་ཡོད་པ།

2022.06.18
Share on WhatsApp
Share on WhatsApp
རྒྱ་ནག་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་ཞུ་ཀྲི་ཡུང་ལ་མ་ཉེས་ཁ་གཡོག་གིས་ཁྲིམས་ཐོག་ཉེས་འཛུགས་བྱས་ཡོད་པ། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཁྲིམས་རྩོད་པ་དང་ཁྲིམས་ལུགས་ཆེད་ལས་པ་ཞུས་ཀྲི་ཡུང་དང་རྒྱ་ནག་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་ཁྲིམས་རྩོད་པ་ཏིང་ཅ་ཞིས།
China Human Rights Defenders

འདི་ག་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་ནང་དོ་དམ་བཀག་ཉར་འོག་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་དང་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་ཞུས་ཀྲི་ཡུང(XuZhiyong)ཧྲན་ཏུང་ཞིང་ཆེན་གྱི་མི་དམངས་ཁྲིམས་ཁང་ཟེར་བའི་ནང་ཟླ་བ་འདིའི་ཚེས་༢༢ཉིན་ཁྲིམས་ར་བྱ་རྒྱུ་ཡིན་པ་རེད། འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཚོས་ཁྲིམས་བཤེར་དྲང་པོ་བྱ་རྒྱུའི་ཐད་ལ་ཐེ་ཚོམ་སྐྱེད་ཀྱི་ཡོད་པ་རེད།
སྐུ་ཞབས་ཞུས་ཀྲི་ཡུང་ཁོང་གིས་མི་དམངས་ལས་འགུལ་ཞེས་པའི་རྒྱ་ནག་གི་དཔོན་རིགས་ཚོས་འགན་འཁུར་ཆེ་ཙམ་དགོས་པའི་ཚོགས་པ་ཞིག་གསར་འཛུགས་བྱས་པའི་དབང་གིས་༢༠༢༠ལོའི་ལོ་སྟོད་ནས་བཟུང་ད་བར་ཁོང་ལ་རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱས་པ་ཟེར་བའི་ཉེས་མིང་འོག་བཀག་སྐྱིལ་བྱས་ཡོད་པ་རེད།
ཞུས་ཀྲི་ཡུང་དང་གཞན་རྒྱ་ནག་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་ཁྲིམས་རྩོད་པ་། ཏིང་ཅ་ཞིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྩིས་བྱས་པའི་ནག་ཉེས་འོག་ཁོང་གཉིས་པོར་༢༠༡༩ལོར་རྒྱ་ནག་ལྷོ་ཕྱོགས་གྲོང་ཁྱེར་Xiamen ནང་གསོལ་ཚིགས་ཀྱི་འདུ་འཛོམས་ཤིག་གནང་ས་དེ་ནས་འཛིན་བཟུང་བཙན་འཁྲིད་ཀྱིས་ཁོང་གཉིས་པོར། ཁྲིམས་རྩོད་པ་དང་ནང་མི་སོགས་དང་ཡང་ཐུག་འཕྲད་བྱེད་མ་བཅུག་པར་ད་ཕན་གར་སོང་ཆ་མེད་དུ་གྱུར་ནས་དུས་ཡུན་ལོ་གཉིས་ཙམ་རིང་དོ་དམ་བཀག་ཉར་འོག་གནས་ཡོད་པ་རེད།
ཁོང་གཉིས་ཀྱི་ཁྲིམས་རྩོད་པས་གསུངས་ཡས་ལ་དོམ་དམ་བཀག་ཉར་འོག་རྒྱ་གཞུང་གིས་ཁོང་གཉིས་ལ་སྡུག་སྦྱོང་མནར་གཅོད་བཏང་ཡོད་པ་རེད་འདུག
གཞན་ཡང་སྐུ་ཞབས་ཞུས་ཀྲི་ཡུང་གི་བཟའ་ཟླ་Li Qiaochu ལ་རྒྱལ་ཁབ་མགོ་རྟིང་སློག་རྒྱུའི་ཇུས་ངན་སྤེལ་བའི་ཉེས་འཛུགས་འོག་ཁྲིམས་ར་ཚོགས་ཡོད་ཅིང་། དེ་ནི་ཁོང་མོས་ནག་ཉེས་དེ་བཟའ་ཟླ་Xu དང་འཐབ་རྩོད་པ་གཞན་དག་གཉིས་དོ་དམ་བཀག་ཉར་འོག་མནར་གཅོད་ཕོག་པའི་ཞིབ་ཕྲའི་གནས་ཚུལ་དྲ་ཐོག་ལ་བཀོད་སྤེལ་གནང་པར་ཉེས་འཛུགས་བྱས་པའི་རྒྱུ་རྐྱེན་རེད་འདུག
ཞུས་ཀྲི་ཡུང་ནི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཁྲིམས་རྩོད་པ་དང་ཁྲིམས་ལུགས་ཆེད་ལས་པ་ཞིག་ཡིན་པ་དང་། 2013ལོར་རྒྱ་ནག་དཔོན་རིགས་ཀྱི་རྒྱུ་ནོར་ཡོངས་བསྒྲགས་དང་སློབ་གསོ་འདྲ་མཉམ་གྱི་དབང་ཆ་སོགས་རྒྱ་ནག་གི་སྤྱི་དམངས་ཀྱི་ལས་འགུལ་མང་པོ་ཞིག་ལ་སྐུལ་འདེད་བཏང་བར་བརྟེན་བཙོན་འཇུག་ལོ་༤བྱས་ཡོད་པ་རེད། ཁོང་གིས་རྒྱ་ནག་ནང་སྤྱི་དམངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་གྱི་ཐོག་རླབས་ཆེན་གྱི་བྱ་གཞག་སྒྲུབ་ཡོད་པ་ཁོང་ལ་དུས་ད་ལྟ་ཡང་འདྲི་གཅོད་བྱེད་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་འདུག
སྤྱི་ཟླ་༦ཚེས་༡༧ཉིན་ཨ་རིར་གནས་སྡོད་རྒྱ་ནག་གི་ཁྲིམས་རྩོད་པ་ཐེང་པེའོ་ཡིས་ལ་ཨེ་ཤེ་ཡ་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། ཁོང་གིས་ཞུས་ཀྲི་ཡུང་དང་ཏིང་ཅ་ཤིས་ཉེས་མེད་ཡིན་པ་དང་། ཞུས་ཀྲི་ཡུང་གི་གྱོད་གཞི་དང་འབྲེལ་བའི་དངོས་འབྱུང་གློག་བརྙན་ཞིག་འགྲེམས་སྤེལ་གནང་ཡོད་པས། རྒྱ་ནག་གིས་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཅས་ལ་དེ་བས་ཕྱི་ཕྱོགས་རང་དབང་ཡུལ་གྲུའི་ནང་དོ་ཁུར་གནང་པའི་རེ་བ་གནང་གི་ཡོད། རྒྱ་ནག་གཞུང་གིས་ཞུས་ཀྲི་ཡུང་ཁོང་ལ་རྒྱལ་ཁབ་མགོ་རྟིང་སློག་རྒྱུའི་ཉེས་མིང་དེ་མ་ཉེས་ཁག་གཡོག་བྱེད་པ་མ་ཟད་དེ་ཡང་ཆབ་སྲིད་ཀྱི་སྐུལ་སློང་ཁོ་ན་ཡིན་པ་ལས་ཁོང་གིས་དོན་དངོས་ཐོག་ནག་ཉེས་གང་ཡང་བསག་མེད་པ་དང་། ཁོང་ལ་མི་དམངས་ཀྱིས་གུས་བརྩི་དང་རྗེས་འཇུག་མཁན་མང་དག་ཅིག་ཡོད་པ་རེད་ཅེས་བརྗོད་འདུག
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎