རྒྱ་ནག་གི་ཚོགས་ཆེན་གཉིས་ད་བར་དུས་འགྱངས་དང་ཚོགས་ཡུན་ཐུང་དུ་བཏང་འདུག


2020-05-20
Share
པེ་ཅིང་གི་གནས་བདེ་སྒོ་མོ་ཆེའི་མདུན། ༢༠༢༠།༥།༡༩ པེ་ཅིང་གི་གནས་བདེ་སྒོ་མོ་ཆེའི་མདུན། ༢༠༢༠།༥།༡༩
AP

རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་གཉིས་ད་བར་དུས་འགྱངས་དང་ད་ཆ་ཚོགས་ཡུན་ཐུང་དུ་བཏང་འདུག
རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཀྱི་རྐྱེན་པས། ད་ལོར་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་གཉིས་དུས་ཐོག་ཚོགས་མ་ཐུབ་པར་ཉིན་གྲངས་༧༨་ལྷག་ལ་དུས་འགྱངས་བྱ་དགོས་བྱུང་ཡོད་པ་མ་ཟད། ད་ཆ་ཚོགས་འདུའི་དུས་ཚོད་རྒྱུན་ལྡན་གྱི་ཉིན་གྲངས་བཅུ་ནས་གཟའ་འཁོར་གཅིག་བར་ཐུང་དུ་བཏང་ནས། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་ཟླ་༥ཚེས་༢༢་ཉིན་ནས་འཚོག་རྒྱུ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་ཟླ་༥་ཚེས་༢༡་ཉིན་ནས་འཚོག་རྒྱུ་ཡིན་པ་དང་། ཚོགས་འདུའི་ནང་ཞུགས་མཁན་གྱི་འཐུས་མིའི་གྲངས་འབོར་ཡང་ཉུང་དུ་བཏང་ནས་མང་པོ་ཞིག་དྲ་རྒྱ་བརྒྱུད་ནས་ཚོགས་ཞུགས་བྱེད་ཀྱི་ཡོད་པ་བསྒྲགས་འདུག
ད་རེས་ཚོགས་འདུའི་སྐབས་ཕྱི་ལོ་༢༠༡༧་ལོ་ནས་བསྒྱུར་བཅོས་བཏང་མེད་པའི་བཟའ་ཚང་གཉེན་ཐོར་དང་། སྤྱི་ཚོགས་ནང་གི་བརྙས་བཅོས་དེ་བཞིན་མིའི་དབང་པོ་ཞལ་འདེབས་སོགས་ཀྱི་གནད་དོན་ཐོག་གི་ཁྲིམས་ལུགས་ལ་གྲོས་མོལ་བྱ་རྒྱུ་ཡིན་པ་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་ལུགས་ཚན་ཁག་གི་མགྲིན་ཚབ་པས་བརྗོད་འདུག
ད་དུང་མགྲིན་ཚབ་པ་དེས་དེ་མིན་རྒྱ་ནག་གི་ཁྲིམས་ལུགས་ནང་དོན་ཁོངས་ནས་མི་སྒེར་གྱི་གསང་བ་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ལ་འགྱུར་བཅོས་ཀྱི་གནད་དོན་ཐོག་གྲོས་མོལ་བྱ་འཆར་ཡོད་པ་དང་། ད་ལྟའི་ཁྲིམས་ལུགས་ཀྱི་ནང་དོན་ནང་བཀོད་པའི་སྒེར་གྱི་གསང་བ་སྲུང་སྐྱོབ་ཀྱི་དོན་ཚན་ནང་ད་དུང་ཡང་མི་འདེངས་བའི་གནད་དོན་མང་པོ་ཞིག་ཡོད་མུས་ཡིན་པར་བརྟེན་ད་རེས་ཀྱི་ལྷན་ཚོགས་ཐོག་གནད་དོན་དེའི་ཐོག་ལ་ཡང་འགྱུར་བཅོས་ཀྱི་གྲོས་མོལ་བྱ་རྒྱུ་ཡིན་པ་བརྗོད་ཡོད་འདུག
དེ་མིན་ད་ལོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རིང་ས་ཆ་ཧམ་འཕྲོག་གི་ཁྲིམས་ལུགས་ནང་དོན་ལ་ཡང་འགྱུར་བཅོས་བྱེད་འཆར་ཡོད་ཅིང་། སྤྱིར་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཚུད་པའི་རྒྱ་ནག་ཁྱོན་ཡོངས་སུ། ས་ཆ་ནི་སྒེར་དང་ཚོགས་སྡེ་སོགས་ལ་བདག་དབང་མེད་པར་ས་ཆའི་བདག་དབང་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པ་དང་། ཡིན་ན་ཡང་སྒེར་དང་བཟོ་ཚོང་ཁང་ཁག་གིས་ལོ་ངོ་བདུན་བཅུའི་རིང་ས་ཆ་བེད་སྤྱོད་བྱེད་དབང་ཉོ་ཆོག་གི་ཡོད་པ། ལྷག་པར་དུ་ས་གནས་སྲིད་གཞུང་ཁག་གིས་སྤྱི་པའི་དགོས་མཁོ་སོགས་ཀྱི་ཆེད། ལས་འཆར་ཁག་སྤེལ་བའི་སྐབས་གང་བྱུང་གིས་ས་ཆ་བེད་སྤྱོད་བྱེད་པའི་གནས་ཚུལ་ཡོད་མུས་ཡིན་སྟབས། ས་ཆ་ཉོ་ཚོང་བྱེད་པའི་གནས་ཚུལ་ཕྱི་གསལ་ནང་གསལ་ཡོང་ཐབས་ཆེད་ཁྲིམས་ལུགས་ཀྱི་ནང་དོན་ལ་ཡང་འགྱུར་ལྡོག་གཏོང་འཆར་ཡོད་པ་ཡང་མགྲིན་ཚབ་པ་དེས་བརྗོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།