རྒྱ་ནག་གཞུང་གིས་མི་རིགས་རྒྱ་བསྒྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་བཞིན་པ་རེད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྔར་ལས་ལྷག་པའི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་རྒྱ་ནག་གི་རྣམ་པ་ལྡན་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱ་ནག་དམར་ཤོག་དབུས་གཞུང་གི་གཏན་འབེབས་སྐོར་གྱི་གསལ་བཤད། ཟེར་བ་ཞིག་ཁྱབ་བསྒྲགས་བྱས་ཡོད་པའི་ནང་རྒྱ་ནག་གཞུང་གིས་མི་རིགས་ས་ཁུལ་དུ་རྒྱ་མི་རིགས་གཙོ་བར་གྱུར་པའི་ཀྲུང་ཧྭ་མི་རིགས་ཟེར་བའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་བརྗོད་ཡོད་འདུག
འདི་ནི་ཕྱི་ཟླ་ ༧ ཚེས་ ༡༥ ནས་ ༡༨ བར་པེ་ཅིན་དུ་ཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཚོགས་དུས་ ༣ པ་ཚོགས་པའི་རྗེས་སུ་གཞུང་གི་བྱ་ཐབས་ཁག་རྒྱ་ཁྱབ་ཏུ་སྤེལ་བའི་རྒྱ་ནག་གཞུང་གི་བཀོད་འདོམས་དང་སྐུལ་འདེད་ནན་དུ་གཏོང་བའི་བྱ་ཐབས་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་སྤེལ་ཁང་གིས་ཕྱི་ཟླ་ ༧ ཚེས་ ༢༡ ཉིན་ཞི་ཅིན་ཕིང་གི་རྒྱ་ནག་དབུས་གཞུང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གཏན་འབེབས།ཟེར་བའི་སྐོར་གྱི་གསལ་བཤད་ཅིག་ཡོངས་ཁྱབ་ངང་སྤེལ་ཡོད་པ་དང་། དེའི་ནང་དུ་ནང་དོན་དོན་ཚན་ ༦༠ ཡོད་པ་ཁག་མ་འོངས་ལོ་ངོ་ལྔའི་ནང་གི་གལ་ཆེའི་བསྒྱུར་བཅོས་ཀྱི་བྱ་ཐབས་ཐད་འཆར་གཞི་བཀོད་པ་ཞིག་ཆགས་ཀྱི་ཡོད་ཅིང་། རྒྱ་ནག་གི་མི་རིགས་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་འཛུགས་སྐྲུན་བྱ་རྒྱུ་དང་བོད་ཚུད་པའི་མི་རིགས་ཁག་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་འདུ་ཤེས་འདི་རང་སོར་མིན་པར་རྒྱ་མི་རིགས་གཙོ་བོར་གྱུར་པའི་ཀྲུང་ཧྭ་མི་རིགས་ཟེར་བའི་འདུ་ཤེས་ཟབ་ཏུ་བཏང་སྟེ་མི་རིགས་ཁག་གི་སེམས་པ་གཅིག་ཏུ་འགུག་ཐུབ་པ་བྱ་རྒྱུ་ཡིན་པ་བརྗོད་འདུག
བོད་རྒྱའི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། རྒྱ་ནག་གཞུང་གིས་དེང་རབས་ཅན་དུ་བསྒྱུར་བ་ཟེར་བ་ནི་མི་མང་གི་ཁྲོད་ནས་གཞུང་ལ་ངོ་རྒོལ་དང་གྱེན་ལོག་མི་འབྱུང་བའི་ཐབས་ལམ་ཞིག་ལས། ནུབ་ཕྱོགས་ཡུལ་གྲུ་ཁག་གིས་དེང་རབས་ཅན་དུ་བསྒྱུར་བཅོས་བྱེད་པར་གཉེར་བའི་ལས་དོན་དང་རྒྱ་ནག་གིས་དེང་རབས་ཅན་དུ་བསྒྱུར་བཅོས་ཟེར་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་དང་། འདི་ནི་རྒྱ་ནག་དམར་ཤོག་ཚོས་པས་རྒྱུན་ལྡན་དུ་བརྗོད་བཞིན་པའི་འབོད་ཚིག་གཅིག་ལས། དཔལ་འབྱོར་དང་ཆབ་སྲིད་ཀྱི་སྒོ་ནས་དེང་རབས་ཅན་དུ་བསྒྱུར་བཅོས་ཟེར་བ་ཡོང་རྒྱུ་ཁག་པོ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
རྒྱ་ནག་གཞུང་གིས་ད་རེས་དངུལ་བུན་སྐྱེད་ཀ་གཅོག་ཆ་ཆེན་པོ་བྱས་པ་དང་། ས་ཁང་ཉོ་ཚོང་ལ་དཀའ་ངལ་འཕྲད་བཞིན་པར་གདོང་ལེན་བྱེད་ཆེད། ཉོ་ཚོང་གི་དཔེ་མཚོན་གསར་པ་གཏན་འབེབས་བྱ་རྒྱུ་ཡིན་པ་བཅས་རྒྱ་ནག་གི་སྐབས་༢༠་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པའི་རྗེས་སུ་དཔལ་འབྱོར་དང་འབྲེལ་བའི་བྱ་ཐབས་གསར་པ་འགའ་ལག་བསྟར་བྱེད་བཞིན་ཡོད་པ་དང་། དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། དེ་ནི་ཏོག་དབྱིབས་ནད་ཡམས་དང་འབྲེལ་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་སོང་བ་དང་། རྒྱ་ནག་གི་ཁྲོམ་རའི་མ་རྐང་བརྡིབ་པ། ཏོག་དབྱིབས་ནད་ཡམས་རྗེས་འཚོ་བ་རོལ་སྟངས་ལ་འགྱུར་བ་ཐེབས་ནས་འཛམ་གླིང་གང་སར་གྲོང་ཁྱེར་ནང་སྤོར་མཁན་ཉུང་དུ་སོང་བ་སོགས་དོན་ཚན་གསུམ་གྱི་རྐྱེན་གྱིས་ཡིན་པར་ངོས་འཛིན་དང་། རྒྱ་ནག་དམར་ཚོགས་ཚོགས་པའི་སྐབས་༢༠་པའི་ཚང་འཛོམས་གྲོས་ཚོགས་ཚོགས་ཐེངས་གསུམ་པ་དེ་སྤྱིར་ཡིན་ན་ལོ་སྔོན་མའི་ཕྱི་ཟླ་བཅུ་པ་བཅིུག་པའི་ནང་ཚོགས་རྒྱུ་ཡིན་པ་ཡིནའང་། འདས་པའི་ལོ་ཤས་ནང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་གྱིས་རྒྱ་ནག་ནང་དཔལ་འབྱོར་གྱི་ཐོག་གྲུབ་འབྲས་ཐོན་པའི་རྣམ་པ་ཞིག་སྟོན་རྒྱུ་མེད་པར་བརྟེན་ཚོགས་འདུ་དེ་མནར་འགྱངས་བྱེད་དགོས་བྱུང་ཡོད་པ་ངོས་འཛིན་གནང་གི་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པས་བོད་ཀྱི་རྒྱལ་ས་ལྷ་སར་བཞུགས་པའི་བོད་པའི་བུད་མེད་ཞིག་ལ། དེང་སྐབས་བོད་ནང་ས་ཁང་ཚོང་བསྒྱུར་གྱི་གནས་སྟངས་ཇི་ལྟར་ཡོད་མིན་ཐད་ལ་ཞལ་པར་བརྒྱུད་གནས་འདྲི་ཞུ་སྐབས། ཁོང་གིས་སྤྱིར་རྒྱ་ནག་ནང་ཁང་པའི་རིན་གོང་ཧ་ཅང་ཆགས་ཡོད་པ་ཡིན་ནའང་བོད་ཀྱི་རྒྱལ་ས་ལྷ་སར་མཚོན་པ་ཡིན་ན། ལྷ་སའི་ཉེ་འཁོར་གྱི་ནག་ཆུ་དང་། མངའ་རིས་ལ་སོགས་པའི་ལྷ་སའི་གྲོང་ཁྱེར་ཕྱིར་གཏན་བཞུགས་གནང་མཁན་བོད་མི་མང་པོ་ཞིག་གྲོང་ཁྱེར་ནང་གནས་སྤོ་བྱེད་རྒྱུར་འཚང་ཀ་ཤིག་ཤིག་ཡོད་དུས་ལྷ་སའི་གྲོང་ཁྱེར་ནང་གི་ས་ཁང་གི་རིན་གོང་ཆགས་མེད་ལུགས་གསུང་བྱུང་།
དེའི་ཐད་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། སྤྱིར་རྒྱ་ནག་རྒྱལ་ཡོངས་ཀྱི་དཔལ་འབྱོར་གནས་བབ་འགྱུར་བ་འགྲོ་བཞིན་ཡོད་པ་དང་། དེ་དང་འབྲེལ་བ་ཡོད་པའི་ཡན་ལག་བོད་ལ་སོགས་པའི་ས་ཁུལ་མང་པོའི་ནང་དཔལ་འབྱོར་གྱི་གནས་སྟངས་འགྱུར་བ་འགྲོ་རྒྱུ་དེ་བརྗོད་མི་དགོས་པ་ཞིག་ཆགས་ཀྱི་ཡོད་པ་དང་། དེ་མིན་རྒྱ་ནག་ནང་དཔལ་འབྱོར་ཉམས་ཆགས་འགྲོ་དུས་བྱེ་བྲག་གང་འདྲ་ཞིག་ཡིན་པ་ཡིན་ནའང་རྩ་ཆུ་བཟང་ས་དང་དཔལ་འབྱོར་གྱི་ཡོང་ཁུངས་ཡོད་སའི་ས་ཆ་དཔེ་མཚོན་ཞིག་ནི་བོད་ནང་ཡུལ་སྐོར་སྤྲོ་འཆམ་འགྲོ་སའི་ས་ཁུལ་གལ་ཆེ་ཞིག་ཆགས་ཀྱི་ཡོད་དུས་ཚོང་གི་ལྟེ་གནས་བོད་འདྲ་བའི་ས་ཁུལ་དེ་ཚོའི་ནང་དཔལ་འབྱོར་གྱི་མ་རྩ་འཛུགས་པ་དང་། ས་ཁུལ་དེ་ཚོའི་ནང་གནས་སྤོ་བྱེད་རྒྱུའི་འདུན་པ་ཆེན་པོ་ཡོང་གི་ཡོད་པར་སོང་། རྒྱ་ནག་གཞུང་གི་ངོས་ནས་ཀྱང་སྤྱིར་ཕྱི་ཕྱོགས་སུ་བོད་ནང་འཛུགས་སྐྲུན་ཡར་རྒྱས་གཏོང་གི་ཡོད་པའི་ཁྱབ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་ཡིན་ནའང་དོན་དངོས་སུ་རྒྱ་ནག་གཞུང་རང་ལ་དགོས་མཁོ་ཡོད་པའི་བོད་ཀྱི་ས་ཁུལ་ཁག་ཅིག་ནང་དམག་དོན་དང་། ཐབས་བྱུས་སོགས་དང་འབྲེལ་བ་ཡོད་པའི་ས་ཆར་ཕྱོགས་གང་ཅིའི་ཐད་ནས་ཡར་རྒྱས་གཏོང་བཞིན་པ་གསུངས་བྱུང་།
གཞན་ཡང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ཟེར་བའི་གཏན་འབེབས་བྱས་པ་འདིའི་ནང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དུ་འགྱུར་བའི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་དགོས་པ་དང་། རྒྱ་མི་རིགས་གཙོ་བོར་གྱུར་པའི་རྒྱ་ནག་ཀྲུང་ཧྭ་མི་རིགས་ཟེར་བའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་མི་རིགས་ཁག་གིས་རླབས་ཆེན་གྱིས་མེས་རྒྱལ་དང་རྒྱ་ནག་ཀྲུང་ཧྭ་མི་རིགས་ཟེར་བ། རྒྱ་ནག་གི་རིག་གཞུང་། རྒྱ་ནག་དམར་ཤོག་ཚོགས་པ། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སོགས་ཀྱི་ཐད་ངེས་པར་དུ་ཚད་མཐོའི་ཁས་ལེན་དགོས་པ་བརྗོད་འདུག་ལ། མི་འབོར་དུང་ཕྱུར་ ༡༤ ལྷག་ཙམ་ཡོད་པའི་ནང་མི་རིགས་ ༥༦ ཡོད་པ་ཚང་མ་ཤིང་ཏོག་སེ་འབྲུ་བཞིན་ཕྱོགས་གཅིག་ཏུ་སྒྲིལ་ཐུབ་པའི་ཐོག་ནས་བསྐྱོད་དགོས་པ་བསྐྱར་དུ་ནན་བརྗོད་བྱས་འདུག
རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་རྣམས་རྩ་མེད་བཟོ་བའི་མངོན་གསལ་དོད་པོའི་སྲིད་བྱུས་འཛིན་བཞིན་ཡོད་པས། འདི་ནི་རྒྱ་ནག་དམར་ཤོག་གི་དབང་འོག་ཏུ་ཚུད་པའི་མི་རིགས་ཚང་མ་རྩ་མེད་དང་མི་རིགས་ཀྱི་ངོ་བོ་བསྒྱུར་ཏེ་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་དང་། མི་རིགས་ཚང་མ་ཧན་མི་རིགས་སུ་བསྒྱུར་ན་གོང་བུ་གཅིག་འགྱུར་ཡིན་པ་ལས་དེ་མིན་གོང་བུ་གཅིག་འགྱུར་མིན་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ཅེས་སངས་རྒྱས་སྐྱབས་ལགས་ཀྱིས་གསུངས་བྱུང་ལ། མདོར་ན་མི་རིགས་ཚང་མ་ཧན་མི་རིགས་སུ་བསྒྱུར་ཏེ་མི་རིགས་ཚང་མས་རྒྱ་ནག་དམར་ཤོག་ཅན་དང་། དམར་ཤོག་གི་ལྟ་བ་ལྡན་པ། དམར་ཤོག་ཚོགས་པའི་བཀའ་ཅི་གསུང་སྒྲུབ་མཁན་ཞིག་བཟོ་རྒྱུ་འདི་མཐར་ཐུག་གི་དམིགས་ཡུལ་ཡིན་པ་གསུངས་བྱུང་།

ཡང་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲེང་གིས་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ཞི་ཡིས་བསྒྱུར་བཅོས་སྐོར་གྱི་གཏན་འབེབས་འདིའི་སྐོར་གླེང་ཡོད་པ་དང་། བོད་ནང་གི་ཚན་པ་ཁག་གི་ལས་བཟོ་བ་ཚང་མས་སྲིད་བྱུས་འདིར་སློབ་སྦྱོང་བྱ་དགོས་པ་མ་ཟད། རྒྱ་ནག་གི་རྣམ་པའི་དེང་རབས་ཅན་ལ་བསྐྱོད་རྒྱུའི་ཐད་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཐོག་ལ་ལམ་སྟོན་བྱས་པའི་ནང་བོད་ལ་བརྟན་ལྷིང་དགོས་པ་དང་འཕེལ་རྒྱས་དགོས་པ། སྐྱེ་དངོས་དོ་སྙོམ་པ། མཐའ་མཚམས་སྟོབས་ཤུགས་ཆེ་རུ་གཏོང་དགོས་པའི་ལས་དོན་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་གསར་པ་འཛུགས་སྐྲུན་དགོས་པ་བརྗོད་འདུག་པས། དེའི་ཐད་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་འདུ་ཤེས་དོར་ནས་རྒྱ་ནག་གི་དམར་ཤོག་གི་འདུ་ཤེས་ཟབ་ཏུ་གཏོང་པ་དང་། བོད་ཀྱི་སྐད་ཡིག་བེད་སྤྱོད་མེད་པ་བཟོས་ཏེ་རྒྱ་ཡིག་རྒྱ་སྐད་ཀྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་པ་སོགས་ཀྱི་བྱ་ཐབས་བོད་ནང་ལག་བསྟར་བྱ་མུས་ཡིན་པ་རེད།
དེ་མིན་ཡང་རྒྱ་ནག་གཞུང་གིས་གཏན་འབེབས་ཀྱི་ཡིག་ཆའི་ནང་མི་རིགས་ཁག་གི་བསམ་བློའི་འཁྱེར་བཟོའི་ཐོག་ནན་བརྗོད་བྱས་པར་གཞིགས་ན། མི་རིགས་ཁག་ཐུན་མོང་ཐོག་ནས་ཕྱུག་འགྱུར་དང་འཕེལ་རྒྱས་ཀྱི་ལམ་ཐོག་ཏུ་བསྐྱོད་དགོས་ན། རྒྱ་ནག་རྒྱལ་ཁབ་འདི་གོང་བུ་གཅིག་གྱུར་དང་། ཁ་བྲལ་ལ་ངོ་རྒོལ། འཚོ་བར་ཡར་རྒྱས་ཐོག་ནས་མི་སེམས་གཅིག་ཏུ་སྒྲིལ་ཐུབ་པ་བྱ་རྒྱུ། རྒྱ་ནག་གི་རྣམ་པ་ལྡན་པའི་དེང་རབས་ཅན་ལ་བསྐྱོད་རྒྱུར་མི་རིགས་མཐུན་སྒྲིལ་དགོས་ལ་མི་རིགས་མཉམ་འདྲེས་དགོས་པ་བཅས་བརྗོད་འདུག
ད་རེས་རྒྱ་ནག་གཞུང་གིས་ཁྱབ་སྤེལ་བྱས་པའི་ཞི་ཅིན་ཕིང་གི་རྒྱ་ནག་དབུས་གཞུང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གཏན་འབེབས། ཟེར་བའི་གསལ་བཤད་འདི་ནི་དམིགས་བསལ་ཁྱད་ཆོས་ལྡན་ལ་ཐུན་མོང་མ་ཡིན་པའི་རིག་གཞུང་གོམས་སྲོལ་ལྡན་པའི་མི་རིགས་ཏེ་བོད་པ་ལྟ་བུར་མཚོན་ན། རྒྱ་མི་རིགས་ཀྱི་རིག་གཞུང་དང་རྒྱ་མི་རིགས་ཀྱི་ལྟ་བ། རྒྱ་ནག་དམར་ཤོག་གི་ལྟ་བར་འབད་བརྩོན་གྱིས་མཐར་བོད་མི་རིགས་ཀྱི་ཁྱད་ཆོས་གང་ཡང་མཐོང་རྒྱུ་མེད་པའི་མིང་ཙམ་གྱི་བོད་པ་དང་རྒྱ་མི་རིགས་ལ་བསྒྱུར་རྒྱུའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་རྒྱ་བསྒྱུར་གྱི་སྲིད་ཇུས་འདི་དེང་སྐབས་བོད་ནང་ལག་བསྟར་བྱེད་མུས་ཡིན་པ་བོད་ཕྱི་ནང་གཉིས་ཀ་ནས་རྒྱུས་ཡོད་མི་སྣ་ཚོས་བརྗོད་མཁན་བྱུང་། བོད་ནང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་གཏན་འབེབས་འདི་བརྒྱུད་སྤེལ་བྱས་པ་ལས་དེ་མིན་མང་ཚོགས་ཀྱི་བསམ་ཚུལ་སོགས་དྲ་ལམ་དུ་མཐོང་རྒྱུ་མི་འདུག
གསར་འགོད་པ། བསྟན་འཛིན་པདྨ། བཀྲ་ཤིས་དབང་ཕྱུག དབྱངས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།