བལ་ཡུལ་ཕྱོགས་ནས་ཐའེ་ཝན་དང་བོད་ཀྱི་སྐོར་ལ་གནས་ཚུལ་ཕྲན་བུ་བརྗོད་པ་ཡིནའང་རྒྱ་ནག་གིས་འཕྲལ་དུ་བལ་ཡུལ་ལ་སྐྱོན་བརྗོད་བྱ་ཡི་ཡོད་ལུགས་གསར་འགོད་པ་ཞིག་གིས་བརྗོད་འདུག
དེ་ཡང་བལ་ཡུལ་གྱི་སྲིད་བློན་ Pushpa Kamal Dahal མཆོག་གིས་རྒྱ་ནག་གི་ TikTok སྤྱི་ཚོགས་དྲ་རྒྱ་དེ་བཀག་འགོག་གནང་དགོས་དོན་ནི་རྒྱལ་སྤྱིའི་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་མིན་ལུགས་འགྲེལ་བརྗོད་གནང་ཐབས་གནང་ཡོད་པ་དང་། རྒྱ་ནག་གཞུང་དང་རྒྱ་ནག་གི་ངོ་ཚབ་ལས་ཁང་ཁག་གིས་བལ་ཡུལ་གྱི་རྒྱ་ནག་གི་ TikTok སྤྱི་ཚོགས་དྲ་རྒྱ་བཀག་འགོགཐག་གཅོད་ལ་ཐེ་ཇུས་བྱས་པ་ནི་ད་ལན་ཙམ་མིན་པ་དང་། གལ་སྲིད་བལ་ཡུལ་གྱིས་ཐའེ་ཝན་དང་། བོད་ཀྱི་སྐོར་ལ་གནས་ཚུལ་ཕྲན་བུ་བཀོད་ཀྱང་རྒྱ་ནག་གིས་འཕྲལ་དུ་བལ་ཡུལ་ལ་སྐྱོན་བརྗོད་བྱ་ཡི་ཡོད་ལུགས་ Kathmandu post ཞེས་བལ་ཡུལ་གྱི་ཚགས་ཤོག་དེའི་རྩོམ་སྒྲིག་པ་Biswas Baral ལགས་ཀྱིས་དཔྱད་བརྗོད་རྩོམ་ཡིག་ཞིག་ཕྱི་ཚེས་༢༥ཉིན་སྤེལ་འདུག
དེ་བཞིན་ཁོང་གིས་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་ད་བར་བལ་ཡུལ་གྱིས་Rastriya Samachar Samiti དང་ The Rising Nepal གསར་ལས་ཁང་སོགས་ཀྱིས་རྒྱ་ནག་གིས་མི་འདོད་པའི་གནས་ཚུལ་བཀོད་སྤེལ་བྱ་རྒྱུ་མཚམས་འཇོག་བྱས་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་སྒེར་གཉེར་གསར་འགྱུར་ལས་ཁང་ཁག་ལའང་རྒྱ་ནག་ལ་འདོད་པ་མེད་པའི་གནས་ཚུལ་རིགས་བཀོད་སྤེལ་བྱ་སྐབས་ཞིབ་བཤེར་བྱ་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་བརྗོད་བཞག ཁོང་གིས་དཔེ་མཚོན་དུ་བལ་ཡུལ་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་ Chen Song ཡིས་ཡོངས་ཁྱབ་དུ་སྟབས་མི་ལེགས་པ་ཞིག་ལ་བལ་ཡུལ་ལ་རྒྱ་གར་ལྟ་བུའི་ཁྱིམ་མཚེས་ངན་པ་ཡོད་པ་རེད་ཅེས་བཤད་པར་བརྟེན་བལ་ཡུལ་ཕྱི་སྲིད་ལས་ཁུངས་ཀྱིས་ཁོ་པ་བཀའ་འགུགས་ཀྱིས་འདིའི་ཐད་འགྲེལ་བརྗོད་བྱ་དགོས་གསུངས་པར་རྒྱ་ནག་གི་གཞུང་ཚབ་ཆེན་མོ་Chen ཡིས་ངས་ཁ་རི་ཁ་ཐུག་བདེན་པ་བཤད་པ་ཡིན་ཞེས་ལན་འདེབས་བྱས་ཡོད་པ་དང་། ད་ཆ་བལ་ཡུལ་གཞུང་དང་ཕྱི་འབྲེལ་མི་སྣ་ཚོས་རྒྱ་ནག་གི་བྱེད་སྟངས་ལ་ག་རེ་བྱ་དགོས་ཡོད་མེད་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱུར་ཡོད་ལུགས་གོང་ཞུས་དཔྱད་བརྗོད་དེ་འབྲི་མཁན་Biswas Baral ལགས་ཀྱིས་གསུངས་བཞག
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།