རྒྱ་ནག་གི་སྲིད་བློན་ཟུར་པ་ཝུན་ཅཱ་པོ་ཡི་རྩོམ་ཡིག་དྲ་ལམ་ནས་བཀག་སྡོམ་བྱས་འདུག

རྒྱ་ནག་གཞུང་གིས་དྲ་རྒྱའི་ཐོག་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་བའི་ཁྲོད་སྲིད་བློན་ཟུར་པ་(Wen Jiabao)ཡིས་བྲིས་བའི་རྩོམ་ཡིག་ཅིག་བཀག་སྡོམ་བྱས་ཡོད་འདུག
དེ་ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་དང་རོའུ་ཊར་གསར་ལས་ཁང་སོགས་ཀྱིས་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་ནག་གཞུང་གིས་དྲ་རྒྱའི་ཐོག་དམ་དྲག་སྟངས་འཛིན་བྱེད་བཞིན་པའི་ཁྲོད། ཉིན་ཤས་གོང་རྒྱ་ནག་གི་སྲིད་བློན་ཟུར་པ་ཝུན་ཅཱ་པོ་ཡིས་རང་གི་ཨ་མ་དམ་པ་དེར་དྲན་རྟེན་ཆེད་རྩོམ་ཡིག་རིང་པོ་ཞིག་སྤེལ་བ་དེ་དྲ་ལམ་ཁག་ནས་བཀག་སྡོམ་བྱས་ཡོད་པ་རེད།
ན་ནིང་ལོ་མཇུག་ཏུ་འདས་གྲོངས་སུ་ཕྱིན་པའི་ཁོང་གི་ཨ་མར་རྗེས་དྲན་ཆེད་རྩོམ་བྲིས་བ་དེ། (Macau Herald)ཞེས་པའི་བདུན་རེའི་ཚགས་པར་ཐོག་འདི་ཚེས་༡༦་རེས་གཟའ་པ་སངས་ཉིན་འདོན་སྤེལ་བྱས་པ་རིམ་པས་སྐད་འཕྲིན་(WeChat)རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་བརྒྱུད་ཐོན་པ་མི་མང་གིས་དོ་སྣང་ཆེན་པོ་བྱས་ཡོད་པ་དང་། དེ་མ་ཐག་དམ་དྲག་བཀག་སྡོམ་བྱས་འདུག རྩོམ་ཡིག་ནང་ཝུན་ཅ་པོ་ཡིས། ཁོང་གི་ཨ་མ་དམ་པ་དེ་དེ་སྔ་རྒྱ་ནག་དང་ཉི་ཧོང་གཉིས་བར་དམག་འཁྲུག་ཐེངས་གཉིས་པ་ཤོར་བའི་སྐབས་དང་། དེ་བཞིན་རྒྱ་ནག་ནང་རིག་གནས་གསར་བརྗེ་ཆེན་མོ་བྱུང་བའི་སྐབས་ཆབ་སྲིད་མི་སྣ་མང་པོ་གནས་དབྱུང་བཏང་བ་སོགས་གཉན་འཕྲང་ཆེ་བའི་དུས་སྐབས་སུ། དཀའ་སྡུག་མྱང་པའི་ལོ་རྒྱུས་སྐོར་བཀོད་ཡོད་པ་དང་མཉམ། ཁོང་གིས་ངའི་སེམས་ཁོང་གི་རྒྱ་ནག་ནི་འདྲ་མཉམ་དང་དྲང་བདེན་གྱིས་ཁེངས་པའི་རྒྱལ་ཁབ་ཅིག་ཡིན་དགོས་པ་དང་། དུས་རྟག་ཏུ་མི་མང་གི་མངོན་འདོད་དང་། འགྲོ་བ་མིའི་རིན་ཐང་རང་བཞིན་བཅས་ལ་གུས་བརྩི་ཞུ་མཁན་ཡིན་དགོས་སྐོར་བྲིས་ཡོད་པ་ལས་ད་ལྟའི་རྒྱ་ནག་ནང་གི་ཆབ་སྲིད་དང་ཁོར་ཡུག་གི་གནས་སྟངས་སྐོར་ཐད་ཀར་བྲིས་མེད་པ་རེད། ཡིན་ན་ཡང་ད་ཆ་རྩོམ་ཡིག་དེ་ལྟ་ཀློག་མི་ཐུབ་པར་ཡོངས་སུ་བཀག་སྡོམ་བྱས་བའི་ཐད། རྒྱ་ནག་ཐད་ཉམས་ཞིབ་པ་ཚོས། སྲིད་བློན་ཟུར་པ་ཝུན་གྱིས། ད་ལྟའི་སྲིད་འཛིན་ཞི་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་སྟངས་ཐད་ལ་སྐྱོན་བརྗོད་བྱས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱེད་བཞིན་པ་མ་ཟད། རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ནས་དོ་སྣང་དང་གླེང་སློང་བྱེད་བཞིན་པ་དང་། རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པས་ཁོང་ཚོའི་ཚོགས་མི་མཐོ་གྲས་ཤིག་གི་རྩོམ་ཡིག་ལ་ཞིབ་བཤེར་བཀག་སྡོམ་བྱས་པ་འགྲེལ་བཤད་རྒྱག་དཀའ་བའི་བྱ་སྤྱོད་ཞིག་ཡིན་པ་གནས་ཚུལ་སྤེལ་འདུག

འདི་ལོའི་ཕྱི་ཟླ་བདུན་པའི་ནང་། རྒྱ་ནག་དམར་ཤོག་ཚོགས་པ་དེ་བཞིན་བཙུགས་ནས་ལོ་༡༠༠་འཁོར་བའི་དུས་དྲན་སྲུང་བརྩི་བྱེད་འཆར་ཡོད་པའི་སྐབས། རྒྱ་ནག་གཞུང་འཛིན་རྒྱ་ནག་དམར་ཤོག་ཚོགས་པས་ཉེ་ལམ་ནས་བཟུང་། རྒྱ་ནག་མི་མང་གིས་ཡུལ་དེའི་རྒྱལ་རབས་ལོ་རྒྱུས་ཐོག་བསམ་ཚུལ་བཏོན་པ་ཁག་ལ་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། དྲ་རྒྱའི་ཐོག་སྟངས་འཛིན་དམ་དྲག་ཇེ་ཆེར་བཏང་ནས། གལ་ཏེ། ཁྲིམས་འགལ་གྱི་གཏམ་བཤད་སྤེལ་བ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ལ་འཁྱོག་བཤད་བྱས་པ། དེ་བཞིན་རྒྱ་ནག་གི་འགོ་ཁྲིད་ཚོར་སྐྱོན་བརྗོད་བྱེད་མཁན་རིགས་བྱུང་ཚེ། ཐད་ཀར་རྩིས་སྤྲོད་བྱེད་སའི་ཐད་འབྲེལ་ཁ་པར་ཞབས་ཞུའི་སྡེ་ཚན་ཞིག་འགོ་འཛུགས་བྱས་ཡོད་པ་རེད།