རྒྱ་ནག་གཞུང་གིས་དྲ་རྒྱའི་འཕྲིན་ལམ་གཏོར་བཤིག་གི་བྱ་སྤྱོད་ཐད་ཨ་རིས་སྐྱོན་བརྗོད་བྱས་བར་རྒྱ་ནག་གིས་ངོས་ལེན་བྱས་མི་འདུག

2021-07-20
Share
རྒྱ་ནག་གཞུང་གིས་དྲ་རྒྱའི་འཕྲིན་ལམ་གཏོར་བཤིག་གི་བྱ་སྤྱོད་ཐད་ཨ་རིས་སྐྱོན་བརྗོད་བྱས་བར་རྒྱ་ནག་གིས་ངོས་ལེན་བྱས་མི་འདུག རྒྱ་ནག་གཞུང་གིས་(Microsoft)་དྲ་རྒྱའི་ཐོག་གསང་འཛུལ་བྱས་པ།
སྒྲིག་བཟོ།/RFA

རྒྱ་ནག་གཞུང་གིས་དྲ་རྒྱའི་འཕྲིན་ལམ་ལ་གཏོར་བཤིག་གཏོང་བཞིན་པའི་བྱ་སྤྱོད་ཐད་ཨ་མི་རི་ཀས་སྐྱོན་བརྗོད་བྱས་བར་རྒྱ་ནག་གཞུང་གིས་ཁས་ལེན་བྱས་མི་འདུག
རྒྱ་ནག་གཞུང་གིས་དྲ་རྒྱའི་འཕྲིན་ལམ་ལ་བྱེད་ཐབས་འདྲ་མིན་སྤྱད་ནས་གཏོར་བཤིག་གཏོང་བཞིན་པའི་བྱ་སྤྱོད་ཐད་འདི་ཚེས་༡༩་ཉིན་ཨ་མི་རི་ཀས་སྐྱོན་བརྗོད་བྱས་ཡོད་ཀྱང་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་ཁས་ལེན་བྱས་མེད་པ་མ་ཟད། དེ་ལས་ལྡོག་ཏེ་ཨ་རི་ནི་དྲ་རྒྱའི་ཐོག་གཏོར་རྒོལ་གཏོང་མཁན་འཛམ་གླིང་ནང་ནས་ཨང་དང་པོ་དེ་ཡིན་ལུགས་དང་། ཕྱོགས་མཚུངས་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཚོས་མཉམ་འབྲེལ་གྱི་ཐོག་ནས་རྒྱ་ནག་གི་བྱ་སྤྱོད་དེ་རིགས་ལ་སྐྱོན་བརྗོད་ཀྱི་གསལ་བསྒྲགས་སྤེལ་བའི་ཐོག་ལ་ཡང་རྒྱ་ནག་གཞུང་གིས་ཁ་རྡུང་བཏང་ཡོད་པ་རེད།
ཨ་རིས་རྒྱ་ནག་གི་དྲ་རྒྱ་བེད་སྤྱོད་བྱེད་མཁན་གྱིས་(Microsoft)་དྲ་རྒྱའི་གནས་ཚུལ་འཚོལ་ཞིབ་ཚོང་གཉེར་ཁང་གི་དྲ་རྒྱའི་ཐོག་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་ཡོད་པར་སྐྱོན་བརྗོད་གནང་ཡོད་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས་ཀྱིས། (Microsoft)་དྲ་རྒྱའི་ཚོང་གཉེར་ཁང་གི་འཕྲིན་གཏོང་ཞབས་ཞུའི་དྲ་བར་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་བ་དེ་ནི་འགན་ལེན་མེད་པའི་གཏོར་རྒོལ་གྱི་བྱ་སྤྱོད་ཤིག་ཡིན་པ་དང་། དེས་ཨ་རིའི་དཔལ་འབྱོར་དང་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཚབས་ཤུགས་ཆེ་བཟོས་ཡོད། རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལས་ཁང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བའི་ཐོག་ནས། དྲ་ལམ་གཏོར་རྒོལ་བྱེད་མཁན་ཁག་ཅིག་གསོ་སྐྱོང་བྱས་ནས་མ་དངུལ་བཏང་བ་དང་། དེ་ཚོས་རྒྱལ་ཁབ་གཞན་གྱི་ཚོང་གཉེར་ཁང་སོགས་ཀྱི་གནས་ཚུལ་དྲ་རྒྱ་བརྒྱུད་རྐུ་འཁྱེར་དང་གཏོར་རྒོལ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་སྤེལ་གྱི་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།
གཞན་ཨ་རིའི་ཁྲིམས་འཛིན་ལས་ཁང་གིས་ཉིན་དེར་དུས་གཅིག་ཏུ་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། རྒྱ་ནག་གི་མི་སེར་བཞིའི་མིང་བཏོན་ནས་ཁོང་ཚོས་ཕྱི་ལོ་༢༠༡༡་ལོ་ནས་༢༠༡༨་ལོའི་བར་ཨ་རི་དང་དེ་མིན་རྒྱལ་ཁབ་ཁག་གི་ཚོང་དོན་ལས་ཁང་བཅུ་ཙམ་དང་། སློབ་གྲྭ་ཆེན་མོ་དང་གཞུང་གི་ལས་ཁུངས་ཁག་གི་གློག་ཀླད་རྩིས་འཁོར་ནང་ལྐོག་འཛུལ་བྱས་ཡོད་པའི་ཉེས་བཙུགས་ཀྱིས་ཁྲིམས་གཏུགས་བྱས་ཡོད་པ་དང་། ཁྲིམས་གཏུགས་དེའི་ཐད་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས། རྒྱ་ནག་གཞུང་གིས་རྐང་བཙུགས་ནས་དྲ་རྒྱ་བརྒྱུད་ནས་སྤེལ་གྱི་ཡོད་པའི་འགན་མ་ཁུར་བའི་བྱ་སྤྱོད་དེ་རིགས་ཀྱི་མཇུག་འབྲས་ངན་པ་འཁྱེར་དགོས་ཀྱི་རེད་ཅེས་གསུངས་ཡོད་འདུག
ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་ལགས་ཀྱིས་ཀྱང་དེའི་ཐད། ཨ་རི་གཞུང་གིས་གོང་ཞུས་གནས་ཚུལ་རིགས་ལ་ཁ་གཏད་ཀྱི་ལས་དོན་མ་སྤེལ་སྔོན་གནས་ཚུལ་དེ་རིགས་ལ་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་འཐུས་ཚང་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་ར་ཤེ་ཡའི་བྱེད་སྟངས་དང་མི་འདྲ་བར། དེ་ལྟར་དྲ་རྒྱའི་ནང་ལྐོག་འཛུལ་གྱིས་གཏོར་བཤིག་གི་བྱ་སྤྱོད་དེ་རིགས་སྤེལ་མཁན་ཚོར་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་མ་ཟད། ཁོང་ཚོས་བྱ་སྤྱོད་སྤེལ་རྒྱུར་མཐུན་འགྱུར་བྱེད་ཀྱི་ཡོད་པ་རེད་ཅེས་གསར་འགོད་པར་འགྲེལ་བརྗོད་གནང་ཡོད་འདུག

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།