རྒྱ་ནག་དམག་དཔུང་གིས་བོད་དུ་དམག་དོན་སྦྱོང་བདར།
2012.06.21
༄༅༎རྒྱ་གར་གྱི་རྡ་ཧིན་རྡུ་ཞེས་པའི་དབྱིན་ཡིག་གསར་ཤོག་གིས་རྒྱ་ནག་གི་གཞུང་འབྲེལ་གསར་ལས་ཁག་གི་གནས་ཚུལ་ལུང་འདྲེན་བྱས་པར་གཞིགས་ན་ ཟླ་བ་འདིའི་ཚེས་༡༤ཉིན་ རྒྱ་ནག་བཅིངས་བཀྲོལ་དམག་གི་ཁྱབ་ཁོངས་སུ་ཡོད་པའི་བོད་རང་སྐྱོངས་ལྗོངས་ཁུལ་གྱི་དམག་དཔུང་སྡེ་ཁག་ནས་ ཊེང་གྷ་རིལ་གྱི་ཚུར་རྒོལ་ལ་ ཕར་རྒོལ་གྱི་གདོང་ལེན་བྱ་ཕྱོགས་སྐོར་དམག་སྦྱོང་བྱས་ཡོད་འདུག་ གནས་ཚུལ་ནང་གསལ་གཞིགས་ན་ དམག་སྦྱོང་དེའི་བརྒྱུད་ ཊེང་གྷ་རིལ་གྱི་ཚུར་རྒོལ་རིགས་ལ་ གནད་འཕིགས་པའི་གོ་མཚོན་གྱི་ཕར་རྒོལ་ཚོད་ལྟ་བྱས་པ་ཙམ་མ་ཟད་ བོད་རང་སྐྱོང་ལྗོངས་ཁུལ་དུ་ཡོད་པའི་རྒྱ་ནག་བཅིངས་བཀྲོལ་དམག་མི་རྣམས་ཀྱི་བློ་སྟོབས་ཡར་རྒྱས་གཏོང་རྒྱུའི་དམིགས་ཡུལ་བཟུང་ཡོད་པར་གསལ་འདོན་བྱས་བཞག་ ད་རེས་ཀྱི་དམག་སྦྱོང་དེའི་གོང་ ཉེ་བའི་དུས་རྒྱ་ནག་བཅིངས་བཀྲོལ་དམག་མིས་ བོད་རང་སྐྱོང་ལྗོངས་ཁུལ་དུ་དམག་སྦྱོང་ཐེངས་གཉིས་བྱས་ཡོད་པ་རེད་ དམག་སྦྱོང་དང་པོ་དེ་བཞིན་སྔ་ལོ་ཕྱི་ཟླ་༡༠པའི་ནང་ རྐང་དམག་དང་གནམ་དམག་སྒྲིག་འཛུགས་ཟུང་འབྲེལ་གྱི་དམག་སྦྱོང་བྱས་པ་དང་ དེ་ནས་འདི་ལོ་ཕྱི་ཟླ་༣པའི་ནང་ རྒྱ་ནག་བཅིངས་བཀྲོལ་དམག་མིའི་རྐང་དམག་སྒྲིག་འཛུགས་ཀྱིས་ས་ཐོག་ཕར་རྒོལ་བྱེད་པའི་སྐབས་ གནམ་དམག་གནམ་གྲུས་མཁའ་ཐོག་ནས་དུས་མཉམ་གཏོར་རྒོལ་བྱ་སྟངས་སྐོར་དམག་སྦྱོང་བྱས་ཡོད་པ་རེད་ ་བོད་རང་སྐྱོང་ལྗོངས་་ཁུལ་དུ་རྒྱ་ནག་བཅིངས་བཀྲོལ་དམག་གིས་དེ་སྔོན་དམག་སྦྱོང་བྱས་པའི་གནས་ཚུལ་རིགས་འདི་ རྒྱ་ནག་གཞུང་གི་གསང་རྒྱ་ཆེན་པོ་བྱེད་སྲོལ་ཡོད་པ་རེད་ ཡིན་ནའང་ ཉེ་དུས་རྒྱ་ནག་གཞུང་གིས་ བོད་རང་སྐྱོང་ཁུལ་དུ་དམག་སྦྱོང་ཇི་ཙམ་བྱས་པའི་གནས་ཚུལ་དེ་རིགས་རྒྱ་ནག་བཅིངས་བཀྲོལ་མིའི་ཉིན་རེའི་གསར་ཤོག་དང་དེ་བཞིན་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་ཕྱི་བསྒྲགས་རྒྱ་ཆེ་བྱེད་བཞིན་ཡོད་པ་དེ་ རྒྱ་ནག་གི་དྲག་པོའི་སྒྲིག་འཛུགས་ཀྱི་སྟོབས་ཤུགས་དང་དམག་འཐབ་ཀྱི་གྲ་སྒྲིག་ཇི་ཙམ་ཡོད་པ་དེ་ རྒྱ་གར་ལ་སྔོན་བརྡ་སྤྲོད་ཆེད་ཡིན་པའི་སྐོར་རྒྱ་གར་གྱི་གནད་དོན་དབྱེ་ཞིབ་པ་ཚོའི་ཚོད་དཔག་བྱེད་བཞིན་ཡོད་འདུག་༎