རྒྱ་ནག་ནང་སྒེར་ལངས་ལས་འགུལ་ཡོང་རྒྱུ་མིན་ལུཌ་ནན་བརྗོད།

རྒྱ་ནག་ནང་ཏུ་ནི་སི་ཡ་དང་ཨི་ཇེབ་ནང་བྱུང་བའི་སྒེར་ལངས་ནང་བཞིན་ཡོང་རྒྱུ་མིན་ལུགས་གཞུང་འབྲེལ་ཐོག་ནས་ནན་བརྗོད་བྱས་ཡོད་འདུག

2011-02-24
Share

༄༅༎རྒྱ་ནག་ནང་ཏུ་ནི་སི་ཡ་དང་ཨི་ཇེབ་ནང་བྱུང་བའི་སྒེར་ལངས་ནང་བཞིན་ཡོང་རྒྱུ་མིན་ལུགས་གཞུང་འབྲེལ་ཐོག་ནས་ནན་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་བའི་ཟླ་ཤས་རིང་ནས་བཟུང་ཐོག་མར་ཏུ་ནི་སི་ཡ་དང་། ཨི་ཇེབ། ཡེ་མེན་དང་། ད་ཆ་ལི་སྦི་ཡ་སོགས་སྲིད་དབང་གཅིག་སྡུད་ཀྱི་རྒྱལ་ཁབ་ཁག་ཅིག་ལ་ཇེས་མན་འམ་བ་སྦུའི་མེ་ཏོག་གི་སྒེར་ལངས་ཞེས་མིང་བཏགས་ནས་མི་མང་ཚོས་སྲིད་གཞུང་འཕོ་བསྒྱུར་དང་མང་གཙོ་དང་། རང་དབང་དགོས་པའི་དགོས་འདུན་བཏོན་ཡོད་པ་ལྟར་ད་བར་ཏུ་ནི་སི་ཡ་དང་། ཨི་ཇེབ་གཉིས་ནང་སྲིད་གཞུང་འགྱུར་བ་ཕྱིན་ཟིན་པ་དང་། དེ་ལས་ལྡོག་ཏེ་ལི་སྦི་ཡའི་ནང་སྲིད་འཛིན་ག་ད་ཕིས་སོ་སོའི་མི་མང་ཚོར་དྲག་སྤྱོད་ཀྱི་ཐོག་ནས་ལས་འགུལ་སྤེལ་མི་འཇུག་པའི་གནས་ཚུལ་མུ་མཐུད་ནས་ཡོང་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་འོག་ནས་རྒྱ་ནག་ནང་དུའང་གུང་བྲན་སྲིད་གཞུང་གི་དམ་བསྒྲགས་ཤུགས་ཆེ་ཡོད་མིན་ལ་མ་ལྟོས་པར་དྲ་རྒྱ་དང་ཀྲུ་ཀྲར་བརྒྱུད་ལམ་ནས་ས་གནས་འགའ་ཤས་སུ་མི་མང་འདུ་འཛོམས་ཀྱིས་ང་ཚོར་ཟ་འབྲུ་དང་། སྡོད་ཁང༌། ལས་ཁ། རང་དབང་བཅས་དགོས་ཟེར་བའི་འབོད་ཚིག་བཀོད་ནས་ངོ་རྒོལ་རྣམ་འགྱུར་བསྟེན་ཡོད་སྟབས་ད་བར་མང་གཙོ་དོན་གཉེར་བ་དང་། ཆབ་སྲིད་བཙོན་ཟུར་སོགས་མི་མང་པོ་ཞིག་དོ་དམ་དང་། དྲ་རྒྱ་དང་ཀྲུ་ཀྲར་སོགས་ལ་དམ་བསྒྲགས་ཆེ་རུ་བཏང་ཡོད་པ་རེད།

འོན་ཀྱང་དམིགས་བསལ་གཞུང་འབྲེལ་གྱི་ཐོག་ནས་དཀྱིལ་ཤར་ཡུལ་གྲུའི་ནང་བྱུང་བའི་སྒེར་ལངས་ནང་བཞིན་རྒྱ་ནག་ནང་རྩ་བ་ནས་ཡོང་གི་མ་རེད་ཅེས་པ་དང་། སྐབས་རེ་ཇེ་སེ་མན་སྒེར་ལངས་དེ་འདྲ་རྒྱ་ནག་ནང་འགོ་བཙུགས་ཡོད་མ་རེད་ཟེར་བ་སོགས་གསལ་བཤད་བྱས་ཡོད་པ་རེད། དེ་རིང་སླར་ཡང་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་ཀྲའོ་ཆི་ཀྲེང་གིས་ཧོང་ཀོང་གི་གསར་ཤོག་ཅིག་ནང་འགྲེལ་བརྗོད་བྱེད་པ་ཞིག་བཀོད་པར་ལྟར་ན། དཀྱིལ་ཤར་ཡུལ་གྲུའི་ནང་བྱུང་བའི་སྒེར་ལངས་དེ་འདྲ་རྒྱ་ནག་ནང་ཡོང་གི་རེད་ཟེར་བའི་སྐད་ཆ་དེ་དག་ནི་དངོས་ཡོད་གནས་སྟངས་དང་མི་མཚུངས་པ་ཞིག་རེད་ཅེས་བཤད་ཡོད་འདུག ཡིན་ནའང་གཞུང་གི་དམ་བསྒྲགས་བྱེད་བཞིན་དུ་མང་ཚོགས་ནང་གཅིག་ལ་གཅིག་བརྒྱུད་ཀྱི་སྒེར་ལངས་ཀྱི་སྐུལ་སློང་སྤེལ་བཞིན་ཡོད་པ་རེད། ཡང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་འགྲེལ་བརྗོད་བྱས་པར་ལྟར་ན། ད་བར་ཁྲིམས་རྩོད་པ་དང་། གཞུང་དང་ལྟ་སྤྱོད་མི་མཐུན་མཁན་མི་གྲངས་ཉི་ཤུ་ལྷག་ཙམ་འཛིན་བཟུང་དོ་དམ་བྱས་ཡོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།