རྒྱ་ནག་གི་སོ་མྱུལ་བ་ཡིན་པའི་ཉེས་འཛུགས་ཀྱིས་ཨ་རིའི་ནིའུ་ཡོག་ནས་རྒྱ་རིགས་བཟའ་མི་གཉིས་འཛིན་བཟུང་བྱས་འདུག

2024.09.04
རྒྱ་ནག་གི་སོ་མྱུལ་བ་ཡིན་པའི་ཉེས་འཛུགས་ཀྱིས་ཨ་རིའི་ནིའུ་ཡོག་ནས་རྒྱ་རིགས་བཟའ་མི་གཉིས་འཛིན་བཟུང་བྱས་འདུག རྒྱ་ནག་གི་སོ་མྱུལ་བ་ཡིན་པའི་ཉེས་འཛུགས་བྱས་བའི་བུད་མེད་(Linda Sun)་དང་ཁོང་མོའི་ཁྱོ་ག་(Christopher Hu)་ཨ་རིའི་ནིའུ་ཡོག་གི་(Brooklyn)་ཁྲིམས་ཁང་མདུན་དུ། ༠༩།༠༣།༢༠༢༤
Corey Sipkin/AP

དེ་ཡང་ཨ་རིའི་ནིའུ་ཡོག་མངའ་སྡེའི་ཤར་ཕྱོགས་རྫོང་སྡེ་ཁྲིམས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་མངའ་སྡེ་ནེའུ་ཡོག་གི་སྤྱི་ཁྱབ་ལ་ཕྱག་རོགས་ཀྱི་ལས་ཀ་བྱེད་མྱོང་མཁན་དཔོན་རིགས་ཟུར་པ་(Linda Sun)་ཞུ་བས་རྒྱ་ནག་གཞུང་གི་ཆེད་གསང་མྱུལ་བྱས་པ་དང་། དེའི་ཆེད་ཨ་སྒོར་ས་ཡ་མང་པོ་ལྐོག་ལེན་བྱས་ཡོད་པའི་ནག་ཉེས་བཙུགས་ནས་འདི་ཚེས་༣ཉིན་འཛིན་བཟུང་བྱས་ཡོད་པ་ཨ་རིའི་གཞུང་གི་ཁྲིམས་རྩོད་པས་གསུངས་འདུག
རྒྱ་རིགས་བུད་མེད་(Linda Sun)་ཟེར་བ་ཨ་རིའི་མངའ་སྡེ་ནིའུ་ཡོག་གི་སྤྱི་ཁྱབ་ལ་ཕྱག་རོགས་ཞུ་མཁན་ཡིན་པའི་སྐབས་སུ། རྒྱ་ནག་གི་དཔོན་རིགས་དང་ཨ་རིའི་ཤར་ཕྱོགས་མངའ་སྡེ་ནེའུ་ཡོག་གི་དཔོན་རིགས་ཚོའི་བར་མཇལ་འཕྲད་སོགས་གོ་སྒྲིག་བྱེད་མཁན་གྱི་ཚུལ་དུ་ལས་ཀ་བྱས་པ་དང་། དུས་མཚུངས་ཨ་རིའི་དཔོན་རིགས་དང་ཐེ་ཝན་གྱི་དཔོན་རིགས་མཇལ་འཕྲད་གནང་རྒྱུར་འགོག་རྐྱེན་བཟོས་ཡོད་འདུག ད་དུང་ཁོང་མོས་རྒྱ་ནག་གི་དཔོན་རིགས་དང་ཨ་རིའི་ནེའུ་ཡོག་མངའ་སྡེའི་དཔོན་རིགས་ཚོ་ཐུག་འཕྲད་བྱ་རྒྱུ་སོགས་གོ་སྒྲིག་བྱས་པར་རྒྱ་ནག་གི་ས་ནས་དཔལ་འབྱོར་གྱི་ཁེ་ཕན་བླངས་ཡོད་པ་དང་། ལྐོག་དངུལ་དེ་དག་ཁོ་མོས་མི་ཚེ་སྐྱིད་པོའི་ངང་སྐྱེལ་བ་དང་རྒྱ་ནག་ནང་རོལ་དབྱངས་འདུ་འཛོམས་ཆེན་པོ་ཁག་ལ་སོང་ནས་ལག་ཁྱེར་ཉོ་རྒྱུ་སོགས་ལ་འགྲོ་སོང་ཕངས་མེད་གཏོང་གི་ཡོད་འདུག

Linda Sun (2).jpeg
ཨ་མི་རི་ཀའི་མངའ་སྡེ་ནེའུ་ཡོག་གི་སྤྱི་ཁྱབ་ལ་ཕྱག་རོགས་ཀྱི་ལས་ཀ་བྱེད་མྱོང་མཁན་དཔོན་རིགས་ཟུར་པ་(Linda Sun) པར། AP


གོང་བརྗོད་བུད་མེད་(Linda Sun)་གྱིས་རྒྱ་ནག་གཞུང་གི་ཆེད་གསང་མྱུལ་བྱས་སྐོར་ནག་ཉེས་འཛུགས་མཁན་ཨ་རིའི་གཞུང་གི་ཁྲིམས་རྩོད་པ་(Breon Peace)་ལགས་ཀྱིས་བུད་མེད་དེས་ཁྲིམས་འགལ་གྱི་ལས་དོན་སྤེལ་བ་ཁག་ལ་བརྟེན་ནས་ཁོ་མོའི་ནང་མི་ཨ་སྒོར་ས་ཡ་མང་པོས་ཕྱུག་ཏུ་ཕྱིན་ཡོད་སྐོར་གསུངས་འདུག
ད་དུང་བུད་མེད་(Linda Sun)་གྱི་ཁྱོ་ག་(Christopher Hu)་ཡིས་རྒྱ་ནག་གཞུང་གིས་ཁོ་མོར་དངུལ་སྤྲད་པ་ཁག་རང་ཉིད་ཀྱི་ཁེ་ཕན་གྱི་ཆེད་དུ་རྒྱ་ནག་ནས་ཨ་རིར་གཏོང་རྒྱུ་སོགས་ལ་མཐུན་རྐྱེན་སྦྱར་ཡོད་པ་དང་། ཁྲིམས་རྩོད་པ་(Breon Peace)་ ལགས་ཀྱིས་(Linda Sun)་གྱིས་རང་ཉིད་ཨ་རིའི་ནིའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ཀྱི་ཕྱག་རོགས་ཡིན་པའི་ལས་གནས་དེ་བེད་སྤྱོད་ལོག་པར་བཏང་སྟེ་གསང་བའི་ཐོག་ནས་འཛིན་སྐྱོང་མི་སྣའི་ཁྲོད་རྒྱ་མི་དང་རྒྱ་ནག་དམར་ཤོག་ཚོགས་པའི་འདོད་ཚུལ་ཁག་དར་འཕེལ་གཏོང་ཐབས་བྱས་པ་དེ་ནི་ཨ་མི་རི་ཀའི་རྒྱལ་ཡོངས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཐད་ཀར་ཉེན་ཁ་བཟོས་སྐོར་བསྒྲགས་གཏམ་ནང་བཀོད་འདུག
དེའི་ཐད་གོང་བརྗོད་བུད་མེད་(Linda Sun)་དང་ཁོང་མིའི་ཁྱོ་ག་(Christopher Hu)་གཉིས་ཀས་རང་ཉིད་ལ་ནག་ཉེས་མེད་ཚུལ་བཤད་རྗེས་དངུལ་གྱི་གཏའ་མ་བཞག་ནས་གནས་སྐབས་གློད་བཀྲོལ་བཏང་ཡང་ཁོང་གཉིས་ཀྱིས་རྒྱ་ནག་གཞུང་གི་གཞུང་ཚབ་དང་དེའི་ལས་བྱེད་པ་ཚོ་དང་འབྲེལ་བ་བྱེད་མི་ཆོག་པ་ཁྲིམས་ཁང་ནས་སྔོན་འགྲོའི་ཆ་རྐྱེན་བཞག་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་རྒྱལ་སར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ལས་ཁུངས་སུ་འདྲི་རྩད་བྱས་སྐབས་མགྲིན་ཚབ་པ་(Liu Pengyu)་ཟེར་བས་ཡིག་ཐོག་ལན་འདེབས་གནང་བའི་ནང་། གཞུང་ཚབ་ཁང་གི་ངོས་ནས་གྱོད་གཞི་དེའི་སྐོར་ཞིབ་ཕྲ་གང་ཡང་ཤེས་ཀྱི་མེད། ཉེ་བའི་ལོ་ཤས་ནང་ཨ་རིའི་གཞུང་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་རྒྱ་ནག་གི་གསང་བའི་ལས་བྱེད་པ་ཞེས་ཡང་ཡང་བསྒྲགས་ཀྱི་ཡོད། དེ་དག་ལས་མང་ཆེ་བ་རྗེས་སུ་བདེན་པ་མིན་པ་ར་སྤྲོད་བྱུང་ཡོད། དེ་བས་རྒྱལ་ཁབ་གང་གིས་རྒྱ་ནག་ལ་དམིགས་ནས་གཞི་མེད་ཀྱི་སྐྱོན་བརྗོད་དང་བརྙས་བཅོས་བྱས་ན་དེ་ལ་ངོ་རྒོལ་ཡོད་པ་བྲིས་འདུག
ཨ་རིའི་གཞུང་གི་ཁྲིམས་རྩོད་པས་གོང་བརྗོད་རྒྱ་ནག་གི་གསང་མྱུལ་དེ་གཉིས་ཀྱིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ནས་ཨ་རིའི་མངའ་སྡེ་ནིའུ་ཡོག་གི་(Long Island)་ས་གནས་ནང་ཨ་སྒོར་ས་ཡ་༤་དང་འབུམ་གཅིག་གནས་པའི་ས་ཁང་ས་གཞིས་ཉོས་ཡོད་པ་དང་། དེ་བཞིན་དུ་ཨ་རིའི་མངའ་སྡེ་(Hawaii)་ནང་ཨ་སྒོར་ས་ཡ་༢་དང་འབུམ་གཅིག་གནས་པའི་ཁང་པ་ཉོས་པ། ཡང་ཕྱི་ལོ་༢༠༢༤་ལོ་ཡི་(Ferrari)་རྒྱས་སྤྲོས་རླངས་འཁོར་གསར་པ་ཉོས་པ་སོགས་གསལ་སྟོན་བྱས་འདུག
གཞན་ཉེ་ལམ་རྒྱ་རིགས་(Yuanjun Tang)་རྒྱ་ནག་གཞུང་གི་སོ་ཉུལ་བ་ཡིན་པའི་ཉེས་འཛུགས་འོག་ཕྱི་ཟླ་༨་ཚེས་༢༡་ཉིན་འཛིན་བཟུང་བྱས་འདུག་ལ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དཔྱད་ཞིབ་སྡེ་ཚན་གྱིས་གནས་ཚུལ་ཞིབ་འཇུག་བྱས་པའི་ནང་། རྒྱ་ནག་གཞུང་གི་སོ་ཉུལ་དེ་ཡི་བཟའ་ཟླ་ཟུར་པ་(Jen Salen)ནི་ཨ་རིའི་(CECC)་ཞེས་པའི་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཚོགས་ཆུང་ནང་གི་ལས་བྱེད་པ་ཞིག་ཡིན་འདུག གནས་ཚུལ་ནང་། ཨ་རིའི་དབུས་གསང་བའི་ལས་ཁུངས་(FBI)་ཡི་འགྲེལ་ཡོད་མི་སྣ་རེས་གཟའ་ལྷག་པའི་ཉིན་ཁོ་མོའི་ཁྱིམ་གྱི་སྒོ་ཁར་ཡོང་ནས། ཁོ་མོའི་དེའི་སྔའི་བཟའ་ཟླ་(Yuanjun Tang)་དེ་རྒྱ་ནག་གི་སོ་ཉུལ་ཡིན་ཞིང་། ཁོ་པ་འཛིན་བཟུང་བྱས་པའི་གནས་ཚུལ་འགྲེལ་བརྗོད་དང་འདྲི་རྩད་བྱས་སྐབས། ཁོ་མོ་ཧ་ལས་ཧོན་ཐོར་གྱིས་འགྲེལ་བཤད་རྒྱག་མ་ཐུབ་པ་དང་། གཟའ་ལྷག་པ་ཉིན་གང་ཁོ་མོ་ངུས་ཡོད་པའི་སྐོར་དང་། དེ་ནས་བཟུང་ངུ་ངུ་པ་ཡིན་སྐོར་འདི་ག་རླུང་འཕྲིན་ཁང་གི་དཔྱད་ཞིབ་སྡེ་ཚན་ལ་བརྗོད་འདུག
རྒྱ་ནག་གཞུང་གི་སོ་ཉུལ་ཡིན་པ་(Yuanjun Tang)་ནི་རང་ལོ་༥༥་ཡིན་པ་(Jen Salen)་ལ་ཕྱི་ལོ་༢༠༡༢་ནས་འདི་ལོའི་ཕྱི་ཟླ་༦་བར་བཟའ་ཚང་ཡིན་འདུག
ཡིན་ནའི་ཁོ་མོ་ཞིབ་བཤེར་འོག་ཚུད་མེད་པ་རེད། ཁོ་མོའི་ནང་ལ་(FBI)་ཞེས་པའི་ཨ་རིའི་དབུས་གསང་བའི་ལས་ཁང་གི་མི་སྣ་ཡོང་བའི་རྗེས་སུ་ཉིན་གཉིས་རིང་གླ་ཡོད་གུང་སེང་སྡོད་དུ་བཅུག་ཡོད་པ་དང་། ཁོ་མོའི་རིག་མཛོད་རྩིས་འཁོར་(FBI)་ལ་བཏང་འདུག
དེའི་སྔོན་སྤྱི་ཟླ་༧པའི་ཚེས་༢༩་རེས་གཟའ་ཟླ་བ་ཉིན། ཨ་མི་རི་ཀའི་ནང་སོ་མྱུལ་གྱི་ལས་དོན་སྤེལ་བར་དོགས་གཞི་ཡོད་པའི་དགེ་རྒན་ཆེན་མོ་ཟུར་པ་(Wang Shujun)་གྱི་གྱོད་དོན་ཐད་ཨ་རིའི་ནིའུ་ཡོག་གི་ཁྲིམས་ཁང་ནང་ཁྲིམས་བཤེར་བྱེད་འགོ་ཚུགས་ཡོད་པ་དང་། གལ་སྲིད། ཁོང་ལ་ནག་ཉེས་ཡོད་པ་ར་འཕྲོད་བྱུང་བ་ཡིན་ན། མི་ལོ་༢༥་ཙམ་གྱི་བཙོན་འཇུག་གི་ཉེས་ཆད་ཕོག་སྲིད་པ་(Reuters)་གསར་ཁང་གིས་གནས་ཚུལ་གསལ་འདུག
དེ་སྔོན་སྤྱི་ལོ་༢༠༢༠་ལོའི་ནང་ཡང་ནེའི་ཡོག་ནང་བོད་མི་ཚོའི་ཐོག་སོ་མྱུལ་བྱས་པའི་ཉེས་མིང་འོག་པདྨ་དར་རྒྱས་ངག་དབང་(Baimadajie Angwang)་ཟེར་བ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
འཇར་མན་གྱི་མི་སེར་བོད་དོན་ལས་འགུལ་བ་ཞིག་ཧོང་ཀོང་གནམ་ཐང་ནས་ཆུ་ཚོད་བཅུ་གསུམ་རིང་འདྲི་རྩད་བྱས་རྗེས་ཕྱིར་སློག་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གཞི་རིམ་མི་མང་རེ་འབོད་ཚོགས་པས་ད་རེས་གྲོས་ཚོགས་སྐབས་བཅའ་ཁྲིམས་བསྐྱར་བཅོས་གནང་དགོས་པའི་རེ་སྐུལ་ཞུས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎