ཨ་རིའི་ནང་སོ་མྱུལ་གྱི་ལས་དོན་སྤེལ་ཡོད་པའི་དོགས་གཞི་ཅན་ཝང་ཧྲུའུ་ཇོན་ལ་ཁྲིམས་བཤེར་བྱེད་འགོ་ཚུགས་འདུག
སྤྱི་ཟླ་༧པའི་ཚེས་༢༩་རེས་གཟའ་ཟླ་བ་ཉིན། ཨ་མི་རི་ཀའི་ནང་སོ་མྱུལ་གྱི་ལས་དོན་སྤེལ་བར་དོགས་གཞི་ཡོད་པའི་དགེ་རྒན་ཆེན་མོ་ཟུར་པ་(Wang Shujun)་གྱི་གྱོད་དོན་ཐད་ཨ་རིའི་ནིའུ་ཡོག་གི་ཁྲིམས་ཁང་ནང་ཁྲིམས་བཤེར་བྱེད་འགོ་ཚུགས་ཡོད་པ་དང་། གལ་སྲིད། ཁོང་ལ་ནག་ཉེས་ཡོད་པ་ར་འཕྲོད་བྱུང་བ་ཡིན་ན། མི་ལོ་༢༥་ཙམ་གྱི་བཙོན་འཇུག་གི་ཉེས་ཆད་ཕོག་སྲིད་པ་(Reuters)་གསར་ཁང་གིས་གནས་ཚུལ་གསལ་འདུག
དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ནིའུ་ཡོག་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སྡེ་ཚན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེན་མོ་བ་དང་། དམངས་གཙོ་དོན་གཉེར་བ་(Xia Ming)་ལ་བཅར་འདྲི་ཞུས་སྐབས། ཁོང་གིས་(Wang Shujun)་གྱི་གྱོད་དོན་སྐོར་གནས་ཚུལ་ཐོན་པའི་ནང་། ཁོང་ལ་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་ཉེས་འཛུགས་བྱས་པའི་ནང་། ཡིག་ཆ་ཁག་མང་པོ་དཔང་རྟགས་སུ་ཐོན་ཡོད་འདུག་པ་དང་། དེའི་ནང་ཁོང་གིས་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱས་པའི་ཡིག་ཆའི་ནང་། ང་དང་ཡང་འབྲེལ་བ་ཆགས་ཡོད་པའི་གནས་ཚུལ་ཁག་ཅིག་ཡོད་པའི་ནང་ནས། ངས་ཐེངས་གཉིས་ལ་བོད་མི་དང་འབྲེལ་བ་ཡོད་པའི་ཚོགས་འདུ་གོ་སྒྲིག་བྱས་ཡོད་པའི་ནང་དུ་གཅིག་ནི་བོད་རྒྱ་འབྲེལ་མཐུད་ཚོགས་འདུ་བསྐོངས་ཡོད་པའི་གནས་ཚུལ་ཡང་ཚུད་ཡོད་འདུག་ཅེས་དང་། ཝང་ཧྲུའུ་ཇོན་ལྟ་བུའི་མི་སྣ་དེ་ཚོས་རྒྱ་གཞུང་ལ་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་དོན་དེ་ཚོ་ནི་མང་ཆེ་བ་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་ཡིན་པ་ལས་གསང་བའི་གནས་ཚུལ་ཞིག་མིན་ནའང་། དེས་རྒྱ་ནག་གཞུང་གི་གནས་ཚུལ་བསྡུ་རུབ་ཀྱི་ལས་དོན་ལས་སླ་རུ་གཏོང་བཞིན་ཡོད་པ་མ་ཟད། རྒྱ་ནག་གིས་རྒྱལ་སྤྱིའི་ནང་འཐབ་ཕྱོགས་གཅིག་གྱུར་དང་དྲིལ་བསྒྲགས་ཕྱོགས་ལ་བེད་སྤྱོད་གཏོང་ཆོག་པའི་ལག་ཆ་ལྟ་བུ་ཞིག་ཆགས་ནས་མུ་མཐུད་དུ་རྫུན་གཏམ་བཤད་རྒྱུར་ཕན་པ་བསྐྲུན་བཞིན་ཡོད་པ་རེད་ཅེས་གསུངས་སོང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དེ་སྔོན་གནས་ཚུལ་སྤེལ་བའི་ནང་། ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཝང་ཧྲུའུ་ཇོན་ལ་ཉེས་འཛུགས་བྱས་པའི་ནང་། ད་ལྟ་ལོ་ན་༧༦་ཡིན་པའི་ཨ་རིའི་མི་སེར་ཡིན་པ་(Wang Shujun)་ཟེར་བ་དེས་སྤྱི་ལོ་༢༠༠༥་ལོ་ནས་རྒྱ་ནག་བདེ་སྲུང་ལྷན་ཁང་ལ་ལས་ཀ་བྱེད་འགོ་བཙུགས་ཡོད་པ་དང་། ཨ་རིའི་ནང་མང་གཙོའི་དོན་གཉེར་བའི་སྤྱི་ཚོགས་ཁྲོད་ཡར་མར་རྒྱུན་རིང་རྒྱུས་ལོན་ཡོད་པ་དང་། དེ་བཞིན་མང་གཙོའི་ཚོགས་པའི་ཧའོ་ཡའོ་པང་དང་ཀྲུའུ་ཙུ་ཡང་གི་དྲན་རྟེན་ཐེབས་རྩ་ཚོགས་པའི་དྲུང་ཆེའི་ལས་གནས་འཁུར་པའི་ཉམས་མྱོང་དང་བསྟུན་ནས་ཁོང་གིས་རྒྱ་ནག་གཞུང་ལ་ཨ་རིའི་ནང་གི་བོད་མི་དང་། ཡུ་གུར་བ། ཧོང་ཀོང་མང་གཙོ་དོན་གཉེར་བ། ཐེ་ཝན་རང་བཙན་ལྟ་གྲུབ་འཛིན་མཁན་ཐེ་བའི་མང་གཙོ་དོན་གཉེར་བའི་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པ་བརྗོད་ཡོད་པ་རེད། ད་དུང་ཡིག་ཆ་དེའི་ནང་། ཝང་ཧྲུའུ་ཇོན་གྱིས་དེ་སྔོན་ཀོང་ཏུང་གི་རྒྱལ་ཁབ་བདེ་སྲུང་མི་སྣ་ལ་ཧོང་ཀོང་དམངས་གཙོ་ཚོགས་པའི་འགན་འཛིན་ཟུར་པ་(Ho Chun Yan)་དང་ཁ་པར་འབྲེལ་མཐུད་བྱས་པའི་ཁ་བརྡའི་ནང་དོན་ཆ་ཚང་མཁོ་སྤྲོད་བྱས་ཡོད་འདུག ཉེ་ཆར་(Ho Chun Yan)་ཧོང་ཀོང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཞེས་པ་དང་འགལ་འཛོམ་བྱས་པའི་དོགས་གཞིའི་འོག མི་གཞན་ལ་རྒྱལ་ཁབ་མགོ་རྟིང་སློག་པའི་ངན་སྐུལ་བྱས་པའི་ནག་ཉེས་འོག་ཧོང་ཀོང་སྲིད་གཞུང་གིས་བཀག་ཉར་བྱས་ཡོད་པ་དང་། མི་ལོ་བཅུ་ཙམ་ལ་བཙོན་འཇུག་གི་ཉེས་ཆད་ཕོག་སྲིད་པའི་གནས་ཚུལ་ཐོན་ཡོད་པ་རེད།
དགེ་རྒན་ཆེན་མོ་ཤ་མེན་གྱིས་མུ་མཐུད་དུ། དམིགས་བསལ་༧གོང་ས་མཆོག་མཚན་སྙན་གྲགས་ཆེན་པོ་ཡོད་པ་དང་། རྒྱལ་སྤྱིའི་ནང་དམངས་གཙོ་དོན་གཉེར་བ་ཤུགས་ཆེན་པོ་ཡོད་པ་དེས་རྒྱ་གཞུང་ལ་གནོད་ཀྱི་ཡོད་པ་རྒྱ་གཞུང་གིས་ཤེས་རྟོགས་ཀྱིས་ཕྱོགས་གང་སར་རྒྱ་ནག་གཞུང་གིས་སོ་མྱུལ་འཇོག་ཐབས་བྱས་ནས་དམངས་གཙོ་དོན་གཉེར་བའི་སྤྱི་ཚོགས་ཁྲོད་འཇིགས་སྣང་གི་ཚོར་བ་སྤྲོད་ཐབས་བྱེད་ཀྱི་ཡོད་ནའང་། ང་ཚོ་ཡང་སྤྱང་གྲུང་ལྡན་པའི་ངང་མགོ་སྐོར་བསླུ་བྲིད་འོག་མི་ཚུད་པ་བྱས་ནས་སོ་སོའི་ལངས་ཕྱོགས་བརྟན་པོ་གནས་དགོས་རྒྱུ་ཤིན་ཏུ་གལ་ཆེ་པོ་ཡིན་ཞེས་དང་། དེ་བཞིན་ང་ཚོའི་ཁོར་ཡུག་ནང་སུ་ཞིག་སོ་མྱུལ་ཡིན་མིན་ཞིབ་བཤེར་བྱེད་རྒྱུར་ཁག་པོ་ཆགས་པའི་གནས་སྟངས་འོག་ཨ་རིའི་གཞུང་གིས་མི་སྣ་འཛིན་བཟུང་དང་ཞིབ་དཔྱོད་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་དུས་ཧ་ཅང་སྤོབས་པ་ཆེན་པོ་སྤྲོད་ཀྱི་འདུག་ཅེས་གསུངས་བྱུང་།
སྤྱི་ལོ་༢༠༢༢་ལོའི་ཟླ་༣་པ་ནས་གོང་ཞུས་ཝང་ཧྲུའུ་ཇོན་ཟེར་བ་ཨ་རི་གཞུང་གིས་འཛིན་བཟུང་བྱས་འདུག་པ་དང་། དེ་རྗེས་ཁོ་པས་ཨ་སྒོར་ཁྲི་༣༠་གཏའ་དངུལ་བཞག་པའི་གནས་སྟངས་འོག་གློད་གྲོལ་བཏང་ཡོད་འདུག ཁོང་གིས་ཐེངས་མང་པོར་སོ་སོར་ཉེས་པ་ཡོད་པ་ངོས་ལེན་བྱས་མེད་པ་དང་། ལྷག་པར་དུ་ཁོང་གི་ཁྲིམས་རྩོད་པས་ཝང་ཧྲུའུ་ཇོན་གྱིས་རྒྱ་ནག་གི་དཔོན་རིགས་དང་འབྲེལ་བ་བྱས་པ་དེ་ནི་རྒྱ་ནག་སྲིད་གཞུང་མགོ་རྟིང་སློག་རྩིས་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག ཝང་ཧྲུའུ་ཇོན་དང་འབྲེལ་བ་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་བདེ་སྲུང་མི་སྣ་དང་འབྲེལ་བའི་མི་བཞི་ད་དུང་བྲོས་བྱོལ་བྱས་ཡོད་པ་གནས་ཚུལ་ནང་གསལ་འདུག
དེ་སྔོན་སྤྱི་ལོ་༢༠༢༠་ལོའི་ནང་ཡང་ནེའི་ཡོག་ནང་བོད་མི་ཚོའི་ཐོག་སོ་མྱུལ་བྱས་པའི་ཉེས་མིང་འོག་པདྨ་དར་རྒྱས་ངག་དབང་(Baimadajie Angwang)་ཟེར་བ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།