གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་གདོང་ལེན་ཆེད་མཐོ་རིམ་འགོ་ཁྲིད་ཀྱི་ལྷན་ཚོགས་གནང་།

2021-04-22
Share
གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་གདོང་ལེན་ཆེད་མཐོ་རིམ་འགོ་ཁྲིད་ཀྱི་ལྷན་ཚོགས་གནང་། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་གདོང་ལེན་ཆེད་ཨ་རིའི་སྲིད་འཛིན་གྱིས་སྣེ་ཁྲིད་པའི་མཐོ་རིམ་འགོ་ཁྲིད་ཀྱི་ལྷན་ཚོགས་སྐབས། ༤།༢༢།༢༡
AFP

གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྱུང་ཁམས་ཀྱི་དཀའ་ངལ་ལ་གདོང་ལེན་ཆེད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་མཉམ་དུ་ཨ་མི་རི་ཀ་མཉམ་ཞུགས་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་ཨ་རིའི་སྲིད་འཛིན་གྱིས་གསུང་འདུག
ཨ་རིའི་སྲིད་འཛིན་འཇོ་སྦཡེཌན་ལགས་ཀྱིས་འཛམ་གླིང་གོ་ལའི་ཉིན་མོ་དང་བསྟུན་ནས། གོ་ལའི་གནམ་གཤིས་དང་ཁོར་ཡུག་གི་གནད་དོན་ཐད། རྒྱ་གར་དང་རྒྱ་ནག དེ་བཞིན་ཡོ་རོབ་ཡུལ་གྲུ་ཁག་གི་དབུ་ཁྲིད་དང་ཁོར་ཡུག་ལས་དོན་ཐད་ཀྱི་འགོ་ཁྲིད་༤༠ལྷག་གི་ཆེས་མཐོའི་ལྷན་ཚོགས་ཤིག་དྲ་ཐོག་ནས་ཉིན་གྲངས་གཉིས་རིང་ཚོགས་བཞིན་པ་དང་། འདི་ཚེས་༢༢རེས་གཟའ་ཕུར་བུ་ཉིན་ཨ་རིའི་སྲིད་འཛིན་གྱིས་ཆེས་མཐོའི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་སར། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག མཁའ་རླུང་འབག་བཙོག་སོགས་ཀྱི་དཀའ་ངལ་གང་མྱུར་སེལ་ཆེད། ཨ་རིའི་ཕྱོགས་ནས་མ་དངུལ་སོགས་ཀྱི་རྒྱབ་སྐྱོར་གང་ཡོང་ཞུ་རྒྱུའི་དགོངས་ཚུལ་གསལ་བཏོན་གནང་ཡོད་པ་དང་། དེ་ནི་རྒྱལ་སྤྱིའི་དབུ་ཁྲིད་༤༠ཙམ་མཉམ་ཞུགས་གནང་ཡོད་པའི་ཆེས་མཐོའི་ལྷན་ཚོགས་དེའི་སར་ཨ་མི་རི་ཀའི་གཞུང་འཛིན་གསར་བའི་ངོས་ནས་གོ་ལའི་ཁོར་ཡུག་དང་འབྱུང་ཁམས་སྲུང་སྐྱོབ་ཀྱི་ལས་དོན་ཐད་མཉམ་ཞུགས་གནང་རྒྱུ་གསལ་བཏོན་བྱས་བ་ཡིན་པ་རེད།

xi-biden.png
ཨ་རིའི་སྲིད་འཛིན་གོང་མ་(Trump)གྱི་གཞུང་འཛིན་སྐབས་སུ། སྤྱི་ལོ་༢༠༡༥ལོར་ཧྥ་རན་སིའི་རྒྱལ་ས་པཱ་རི་སིར་བཞག་པའི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འཆར་ནས་ཕྱིར་འཐེན་བྱས་ཡོད་པ་དང་། ད་ཆ་ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་སླར་ཡང་ཁོར་ཡུག་འབྱུང་ཁམས་སྲུང་སྐྱོབ་ཀྱི་ལས་དོན་ནང་མཉམ་ཞུགས་གནང་རྒྱུ་དང་། མ་ཟད་མ་འོངས་པར་སྤྱི་ལོ་༢༠༢༤ལོར་ཨ་མི་རི་ཀར་སྲིད་འཛིན་གསར་པ་ཞིག་སླེབས་ཀྱང་ད་ལྟའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་འཆར་གཞིར་འགྱུར་བ་གཏོང་མི་ཐུབ་པ་བཟོ་རྒྱུ་ཡིན་པ་སོགས་གསུངས་ཡོད་པ་རེད།
དེ་བཞིན་ཨ་མི་རི་ཀའི་ངོས་ནས་མ་འོངས་སྤྱི་ལོ་༢༠༥༠་ལོར་མཁའ་རླུང་འབག་བཙོག་མེད་པ་བཟོ་ཆེད་ཨ་རིའི་སྐྱེལ་འདྲེན་ལས་དོན་ཁོར་ཡུག་འབྱུང་ཁམས་དང་མཐུན་པའི་སྒོ་ནས་ལག་བསྟར་བྱ་རྒྱུ་སོགས་ཀྱི་འཆར་གཞི་གསལ་བཏོན་གནང་ཡོད་པ་རེད།
ད་དུང་ཨ་མི་རི་ཀའི་ཕྱོགས་ནས་བྷེ་ཛེལ་ཡུལ་གྱི་ཨ་མ་ཛོན་(Amazon)ཡི་ཆར་ཆུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱལ་སྤྱིའི་ཐོག་ནས་ཨ་སྒོར་ཐེར་འབུམ་༢༠་ཐམ་པ་རོགས་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་གནང་འདུག
རྩ་བའི་འཛམ་གླིང་ནང་མཁའ་རླུང་འབག་བཙོག་ཤུགས་ཆེ་ཤོས་བཟོ་མཁན་ནི་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཡིན་པ་བཤད་བཞིན་པ་དང་། དེ་བས་ཡུལ་གྲུ་གཉིས་ཀའི་ངོས་ནས་མ་འོངས་པར་མཁའ་རླུང་འབག་བཙོག་མེད་པ་བཟོ་རྒྱུའི་འཆར་གཞི་ཡོད་ལུགས་ཚོགས་ཐོག་གསལ་བཏོན་བྱས་ཡོད་པ་རེད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།