རྒྱ་ནག་ཏུ་སློབ་གྲྭར་འགྲོ་མཁན་ཚོ་ད་དུང་ཕྱིར་ལོག་མི་ཐུབ་པར་དྲ་ཐོག་སློབ་ཁྲིད་བྱེད་བཞིན་པ།

2020-06-27
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་མི་ཡོང་སླད་བརྟག་དཔྱད་བྱེད་བཞིན་པ།
རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་མི་ཡོང་སླད་བརྟག་དཔྱད་བྱེད་བཞིན་པ།
ཨེ་ཨེཕ་པི།

རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་།  གྲོང་ཁྱེར་ཝུའུ་ཧན་སོགས་ས་ཁུལ་ཁག་ཅིག་ནང་ཏོག་དབྱིབས་ནད་ཡམས་རིམ་པ་གཉིས་པ་ཐོན་བཞིན་པའི་རྐྱེན་གྱིས་བོད་ནས་རྒྱ་ནག་གི་ས་ཁུལ་དེ་ཚོའི་ནང་སློབ་གྲྭ་འགྲིམ་མཁན་བོད་པའི་སློབ་ཕྲུག་ཁག་ཅིག་སློབ་གྲྭར་ཕྱིར་ལོག་བྱེད་ཐུབ་མེད་པ་དང་། རྒྱ་ནག་ནས་རྒྱ་མི་རིགས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་བོད་ནང་འབྱོར་བཞིན་ཡོད་པར་བོད་མི་ཚོས་ཏོག་དབྱིབས་ནད་དུག་འགོས་ཁྱབ་འགྲོ་སྲིད་པའི་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པ་བོད་ནས་བོད་མི་ཞིག་གིས་གསུང་གི་འདུག

འདི་ག་རླུང་འཕྲིན་ཁང་དུ་བོད་ཀྱི་རྒྱལ་ས་ལྷ་ས་ནས་མཚན་འདོན་གནང་འདོད་མེད་པའི་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་སྐབས།  རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་སོགས་པའི་རྒྱ་ནག་གི་ས་ཁུལ་ཁག་ཅིག་ནང་ཏོག་དབྱིབས་ནད་ཡམས་རིམ་པ་གཉིས་པ་ཐོན་པའི་དབང་གིས་བོད་ནང་ནས་རྒྱ་ནག་ཏུ་སློབ་གྲྭར་འགྲོ་མཁན་གྱི་སློབ་ཕྲུག་ཚོ་ད་དུང་སློབ་གྲྭར་ཕྱིར་ལོག་བྱེད་མི་ཐུབ་པར་དྲ་ཐོག་སློབ་ཁྲིད་བྱེད་བཞིན་ཡོད་པ་གསུང་གི་འདུག

ཡང་ཁོང་གིས་ལྷ་སའི་གཙུག་ལག་ཁང་དུ་འཛུགས་སྐྲུན་ལས་གཞིའི་རྐྱེན་པས་ད་དུང་མི་མང་ལ་མཆོད་མཇལ་སྒོ་ཕྱེ་མེད་པ་མ་གཏོགས།        དེ་མིན་ལྷ་ས་ཁུལ་དུ་ཡོད་པའི་དགོན་སྡེ་གཞན་ཁག་ཚང་མ་སྒོ་ཕྱེ་ནས་མཆོད་མཇལ་དུ་ཕེབས་མཁན་མང་པོ་ཡོད་ནའང་ངོ་སྤྲོད་ལག་འཁྱེར་རྟོག་ཞིབ་བྱེད་མཁན་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་ཡོད་པར་བརྟེན་ལས་བྱེད་པ་ཚོ་མཆོད་མཇལ་ལ་འགྲོ་རྒྱུར་དཀའ་ངལ་ཡོད་པ་གསུང་གི་འདུག

རྩ་བའི་འཆར་བོད་ནང་རིམས་ནད་སྔོན་འགོག་གི་ལས་དོན་མུ་མཐུད་སྤེལ་བཞིན་ཡོད་ནའང་རྒྱ་ནག་ནས་རྒྱ་མི་རིགས་མང་པོ་བོད་ནང་འབྱོར་བཞིན་ཡོད་པ་གསུང་གི་འདུག

རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་རིམ་པ་གཉིས་པ་ཐོན་བཞིན་ཡོད་མིན་ལ་མ་ལྟོས་པར་རྒྱ་ནག་ནས་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་དང་།  ཚོང་པ་སོགས་རྒྱ་མི་རིགས་མུ་མཐུད་མང་པོ་ཡོང་བཞིན་ཡོད་པ་དེར་བོད་མི་མང་པོས་སེམས་འཚབ་ཆེན་པོ་གནང་གི་ཡོད་པ་རེད་བཞག།

མཆན། (0)
Share
དྲ་གནས་ཆ་ཚང༌།