བོད་ནས་ཕྱིས་སུ་འབྱོར་བའི་བོད་མི་བརྒྱ་ལྷག་ལ་སྡོད་ཁང་མ་རག་པའི་དཀའ་ངལ་འཕྲད་བཞིན་འདུག
རྒྱ་གར་ལྡེ་ར་ལྡུན་ཁུལ་དུ་བོད་ནས་ཕྱིས་སུ་འབྱོར་བའི་བོད་མི་བརྒྱ་ལྷག་ཙམ་ཞིག་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྡོད་ཁང་གསར་རྒྱག་ཁྲོད་ད་དུང་ཡང་སྡོད་ཁང་མ་རག་པའི་དཀའ་ངལ་འཕྲད་བཞིན་འདུག
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ལྡེ་ར་ལྡུན་གཙོས་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་བོད་ནས་གསར་དུ་འབྱོར་མཁན་ཚོའི་ཆེད་དུ་སྡོད་ཁང་གསར་རྒྱག་བྱས་ནས། སྡོད་ཁང་སྤྲད་པའི་ལས་གཞི་སྤེལ་ཡོད་ཀྱང་། ལྡེ་ར་ལྡུན་ཁུལ་དུ་བོད་ནས་གསར་དུ་འབྱོར་མཁན་བརྒྱ་ལྷག་ཙམ་ཞིག་ལ་ད་དུང་ཡང་སྡོད་ཁང་གི་ཐོབ་ཐང་མ་རག་པའི་དཀའ་ངལ་འཕྲད་བཞིན་འདུག
བསྟན་འཛིན་ཆོས་སྒྲོན་ལགས་རྒྱ་གར་དུ་སྤྱི་ལོ་༡༩༩༠་ལོར་འབྱོར་ཡོད་ཅིང་། སྤྱི་ལོ་༢༠༡༢་ལོ་ཙམ་ནས་དགེ་འཕེལ་གླིང་གི་སྡོད་ཁང་གསར་པའི་ཁོངས་སུ་སྙན་ཞུ་ཕུལ་ཡོད་ཀྱང་། ས་ཆའི་རིན་བབ་མ་དགོས་པར་སྡོད་ཁང་གསར་རྒྱག་གི་མ་གནས་ཧིན་སྒོར་འབུམ་བཅོ་བརྒྱད་ནས་དོ་དག་གིས་འབུམ་བཅོ་ལྔ་སྤྲོད་དགོས་ཀྱི་ཡོད་པ་དེ་སྤྲད་མ་ཐུབ་པའི་རྐྱེན་གྱིས་ད་དུང་ཡང་ཁང་པ་རག་མེད་པ་རེད་འདུག
དགེ་འཕེལ་གླིང་དུ་དེ་སྔོན་སྤྱི་ལོ་༡༩༧༠་དོན་གྲངས་ནས་ཐོ་འགོད་བྱས་པའི་དུད་ཚང་༩༦་ཙམ་ཞིག་ལ་སྡོད་ཁང་རག་ཡོད་པ་དང་། དེ་བཞིན་སྤྱི་ལོ་༢༠༡༢་ལོ་ཙམ་ནས་བོད་ནས་ཕྱིས་སུ་འབྱོར་མཁན་མི་གྲངས་བརྒྱ་དང་སུམ་ཅུ་སོ་ལྔས་སྙན་ཞུ་ཕུལ་བའི་ཁོངས་ནས་དུད་ཚང་ཉི་ཤུ་རྩ་ལྔ་ཙམ་ལ་མ་གཏོགས་སྡོད་ཁང་རག་མེད་པ་རེད་འདུག
རྒྱ་གར་དུ་སྤྱི་ལོ་༡༩༩༣་ལོར་འབྱོར་བ་བསོད་ནམས་ལྷ་མོ་ལགས་མ་སུ་རིའི་བོད་ཁྱིམ་སློབ་གྲྭའི་ནང་འཛིན་གྲྭ་དགུ་པ་བར་དུ་འགྲིམས་རྗེས། བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་ནང་ཁང་པ་གླས་ཏེ་བསྡད་ཡོད་པ་དང་། ད་ལྟའི་ཆར་དགེ་འཕེལ་གླིང་དུ་བོད་ནས་གསར་དུ་འབྱོར་བའི་ཁོངས་སུ་སྡོད་ཁང་གི་ཐོབ་ཐང་རག་ཡོད་འདུག
ད་དུང་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱིས་སྡོད་ཁང་མ་རག་མཁན་རྣམས་ཀྱི་གནས་སྟངས་ལ་རྒྱུས་ལོན་གྱིས་དཔལ་འབྱོར་གྱི་དཀའ་ངལ་ཡོད་རིགས་རྣམས་ལ་མི་ཚེ་ཧྲིལ་པོ་ཁང་པ་གླས་ཏེ་སྡོད་མ་དགོས་པ་ཞིག་དགོངས་བཞེས་གནང་རོགས་ཞེས་འབོད་བསྐུལ་ཡང་གནང་གི་འདུག
སྤྱིར་སྟངས་སྔ་མོ་ཡིན་ན་རྒྱ་གར་དུ་འབྱོར་མཁན་ཚང་མ་ལ་ས་ཁང་གི་ཐོབ་ཐང་རག་ཡོད་ཀྱང་འཕྲོད་བསྟེན་དང་ལྟོ་གོས་ཀྱི་ཆེད་ས་ཕྱོགས་གང་སར་འགྲོ་དགོས་འཁེལ་ནས་བདག་པོ་རྒྱག་ཐུབ་མེད་པ་དང་། བོད་ནས་ཕྱིས་སུ་འབྱོར་མཁན་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་སྡོད་ཁང་གསར་རྒྱག་གང་ལ་གང་འཚམས་ཞུས་ཡོད་ཅིང་། དགེ་འཕེལ་གླིང་དུ་བོད་ནས་ཕྱིས་སུ་ཕེབས་མཁན་ཉི་ཤུ་རྩ་ལྔ་ལ་སྡོད་ཁང་རག་ཡོད། ཡིན་ན་ཡང་ལྡེ་ར་ལྡུན་ཁུལ་དུ་བོད་ནས་ཕྱིས་སུ་འབྱོར་མཁན་བརྒྱ་ལྷག་ཙམ་ཞིག་གིས་ཁང་པ་གསར་རྒྱག་གི་ཆེད་དངུལ་སྤྲད་མ་ཐུབ་པའི་རྐྱེན་གྱིས་ད་དུང་ཡང་ཁང་པ་རག་ཡོད་མ་རེད་ཅེས་ལྡེ་ར་ལྡུན་ས་གནས་འགོ་འཛིན་ནོར་བུ་ལགས་ཀྱིས་གསུང་བྱུང་།
སྤྱིར་སྟངས་སྤྱི་ལོ་༡༩༥༩་ནས་བརྒྱད་ཅུ་གྱ་གྲངས་ནང་རྒྱ་གར་དུ་ཐོག་མར་བཙན་བྱོལ་སུ་འབྱོར་མཁན་བོད་མི་རྣམས་ལ། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སྡོད་ཁང་གཙོས་གཞིས་སྒར་གྱི་ཐོབ་ཐང་རག་ཡོད་ཀྱང་། སྒེར་གྱི་དཀའ་ངལ་འདྲ་མིན་གྱིས་ཁང་པ་བདག་པོ་རྒྱག་མ་ཐུབ་པ་མང་པོ་ཡོད་པ་རེད་འདུག སྤྱི་ལོ་༡༩༨༥་ཡས་མས་ནས་བཟུང་རྒྱ་གར་ནང་བོད་མིའི་གཞིས་སྒར་གསར་རྒྱག་གི་ལས་གཞི་མཚམས་བཞག་དགོས་འཁེལ་བར་བརྟེན་དེའི་རྗེས་ནས་འབྱོར་མཁན་ཕལ་ཆེ་བ་ལ་སྡོད་ཁང་གི་ཐོབ་ཐང་རག་མེད་པ་རེད་འདུག
སྤྱི་ལོ་༢༠༡༠་ཙམ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནས་གསར་དུ་ཕེབས་པ་གཙོས་སྡོད་ཁང་མ་རག་མཁན་རྣམས་ལ་ཧི་མ་ཅལ་མངའ་སྡེའི་སྦིར་ཁུལ་དུ་ལི་ལི་གཞིས་ཆགས་དང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་མོན་གྷོ། ལྡེ་ར་ལྡུན་དགེ་འཕེལ་གླིང་བཅས་ལ་སྡོད་ཁང་གསར་རྒྱག་བྱས་ཡོད་པ་རེད།
གསར་འགོད་པ། བློ་བཟང་།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།