༧གོང་ས་མཆོག་གིས་ཐེ་ལེན་ཌི་དང་རྒྱ་གར་གྱི་དགེ་འདུན་པ་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ།

རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཐེ་ལེན་ཌི་ཝཏ་པ་དགོན་པས་(WATPA Temple)་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༣པའི་ཚེས་༢༢ཉིན། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་དགོན་པ་དེ་ཉིད་ཀྱི་མཁན་པོ་དང་སྤྱི་ཁྱབ་དྲུང་ཆེ་གཙོས་པའི་རྒྱ་གར་དང་ཐེ་ལེན་ཌི་ནས་ཡིན་པའི་དད་ལྡན་མི་གྲངས་༢༡ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་འདུག
མཇལ་ཁའི་རྗེས་(WATPA)་དགོན་པའི་མཁན་པོ་དགེ་འདུན་པ་(Phra Bhodhinandhamunee)་ལགས་ཀྱིས། མཇལ་ཁའི་སྐབས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས། ང་ལ་གཅེན་གཅུང་གི་འདུ་ཤེས་ཀྱི་སྒོ་ནས་བྱིན་རླབས་བསྩལ་བ་དང་། སླར་ཡང་གནས་མཆོག་རྡོ་རྗེ་གདན་དུ་མཇལ་འཛོམས་ཡོང་བའི་ཐུགས་རེ་ཡོད་པ་བཀའ་གནང་སོང་ཞེས་དང་། ཉོན་རྨོངས་ཀྱི་རྩ་བ་ནི་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཡིན་པས། ཉོན་རྨོངས་ཀྱི་བློ་དེ་དག་ཇེ་ཉུང་དུ་བཏང་བ་ཡིན་ན། ནང་སེམས་ཞི་བདེ་ཡོང་བར་ཕན་ཐོགས་ཡོད་པ་བཀའ་གནང་སོང་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་སྐབས་དེར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་(IBC) ཀྱི་སྤྱི་ཁྱབ་དྲུང་ཆེ་དགེ་འདུན་པ་(Dhammapiya)་ལགས་ཀྱིས། ༧གོང་ས་མཆོག་གིས། བཀའ་གནང་བ་བཞིན། ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས། གཙོ་བོ་བྱམས་སྙིང་རྗེ་ཉམས་ལེན་བྱེད་རྒྱུ་དེ་རེད་ཅེས་དང་། འབྱུང་འགྱུར་༧སྐུའི་ཡང་སྲིད་དེ་ཡང་རྒྱ་གར་དང་བོད་སོགས་ས་ཁུལ་གཞན་ལ་ཡང་འཁྲུངས་སྲིད་པ་ཞིག་རེད། འོན་ཀྱང་། སྐབས་དེ་དུས་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་པའི་དབུ་ཁྲིད་ཚོས་མཉམ་རུབ་ཀྱི་ཐོག་ནས་སྐུའི་ཡང་སྲིད་འཚོལ་ཞིབ་ཐད་རྒྱབ་སྐྱོར་བྱེད་དགོས་ཅེས་འགྲེལ་བརྗོད་གནང་གི་འདུག
གནས་མཆོག་རྡོ་རྗེ་གདན་དུ་ཆགས་པའི་(WATPA)་དགོན་པའི་སྤྱི་ཁྱབ་དྲུང་ཆེ་དགེ་འདུན་པ་(Ratneswar Chakma)་ལགས་ཀྱིས། ང་ལྟ་བུ་མཚོན་ན། རྒྱ་གར་དབུས་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ལྷན་ཁང་དུ་ནང་པའི་དགེ་འདུན་པ་ཞིག་ཁྲིམས་རྩོད་པའི་ལས་ཀ་བྱེད་མཁན་ཐེངས་དང་པོ་དེ་ཡིན་པ་དང་། ད་རེས་མཇལ་ཁའི་སྐབས། བྱམས་བརྩེའི་གལ་གནད་སྐོར་བཀའ་སློབ་ཕེབས་སོང་བས། གང་ཐུབ་ཀྱིས་ཉམས་ལེན་བྱས་ཐབས་ལ་འབད་ཀྱི་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
དེ་སྔོན་༢༠༢༢ལོའི་སྤྱི་ཟླ་༡༢བའི་ཚེས་༢༩ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་སླད་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཞོར་དུ་ཁུལ་དེར་ཆགས་པའི་ཐེ་ལེན་ཌའི་(WATPA)་དགོན་པར་གནས་གཟིགས་སུ་ཕེབས་པའི་སྐབས། དགོན་པ་དེའི་ནང་ཡོད་པའི་སྟོན་པའི་སྐུ་བརྙན་གྱི་དྲུང་ནས་མགོན་པོ་གང་ཉིད་མཆོག་ལ་འོད་ཟེར་འཕྲོ་བའི་སྟོན་པའི་སྣང་བ་གསལ་པོ་ཞིག་བྱུང་ཡོད་པའི་སྐོར་བཀའ་སྩལ་ཡོད་པ་རེད།
དགོན་པ་དེའི་མཁན་པོ་དགེ་འདུན་པ་(Phra Bhodhinandhamunee)་ལགས་ཀྱིས་གསུངས་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས། (WATPA)་དགོན་པའི་ནང་ཡོད་པའི་སྟོན་པའི་སྐུ་བརྙན་དྲུང་ནས་མགོན་པོ་གང་ཉིད་མཆོག་ལ་སྟོན་པའི་སྣང་བ་གསལ་པོ་ཞིག་བྱུང་ཡོད་པའི་སྐོར་བཀའ་སློབ་ཕེབས་པའི་རྗེས་སུ། ད་སྐབས་འཛམ་གླིང་ཁྱོན་ཡོངས་ནས་སྟོན་པའི་སྐུ་བརྙན་དེར་ཆོས་མཇལ་དུ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ལྷག་ཏུ་ཁུལ་དེར་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་ཏེ། བྱིན་རླབས་མཛད་པ་ནས་བཟུང་། དགོན་པ་དེ་གནས་མཆོག་ཤིག་ཏུ་འགྱུར་སོང་ཞེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་དེ་སྔོན་༢༠༢༢ལོའི་སྤྱི་ཟླ་༡༢བའི་མཇུག་ཏུ་གནས་མཆོག་རྡོ་རྗེ་གདན་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་བར་དུས་ཡུན་ལོ་ལྔའི་རིང་གི་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་(Pali & Sanskrit International Bhikkhu Exchange Program)་འགོ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་མཇལ་ཁའི་སྐབས་༧གོང་ས་མཆོག་གིས། ལས་གཞི་དེའི་ནང་མཉམ་ཞུགས་གནང་མཁན་དགེ་འདུན་པ་ཁག་ཅིག་ལ་བསྔགས་བརྗོད་དང་སྦྲགས། ལེགས་གསོལ་ཕྱག་འཁྱེར་ལ་མཚན་རྟགས་བཀོད་གནང་མཛད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།