ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་བྱེད་དགོས།
2017.05.22
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་རྒྱལ་བ་དང་རྒྱ་གར་བའི་སློབ་ཕྲུག་ཁག་ཅིག་དང་མཇལ་འཕྲད་ཀྱིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་བྱེད་དགོས་པའི་བཀའ་སློབ་བསྩལ་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལི་དང་། དེ་ནས་ལྷོ་ཕྱོགས་གྲོང་ཁྱེར་བྷེང་ལོར་ཁུལ་མཛད་འཕྲིན་ཁག་ཅིག་སྐྱོང་གནང་རྒྱུར་འདི་ཚེས་༢༢་ཉིན་ཁུལ་དེར་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད། དེའི་གོང་འདི་ཚེས་༡༩་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕོ་བྲང་དུ། ཨ་མི་རི་ཀའི་མི་ནི་སོ་ཀྲའི་གཙུག་ལག་སློབ་གཉེར་ཁང་དང་། ཁེ་ན་དྲ། དེ་བཞིན་རྡ་རམ་ས་ལར་ཡོད་པའི་གཏོང་ལེན་སློབ་གྲྭ་ནས་ཐོན་པའི་སློབ་ཕྲུག་ཁག་ཅིག་བཅས་སློབ་ཕྲུག་རུ་ཁག་གསུམ་ཙམ་ལ་མཇལ་འཕྲད་ཀྱིས། གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པའི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ཀྱི་གནད་དོན་དང་འབྲེལ་བའི་ཐོག་བཀའ་སློབ་གནང་བ་དང་། སློབ་ཕྲུག་སོ་སོའི་ངོས་ནས་དོགས་འདྲི་ཡོད་པ་རྣམས་བཀའ་འདྲི་ཞུས་པར་བཀའ་ལན་གནང་ཡོད་པ་རེད། ལྷག་པར་དུ་ད་རེས་མཇལ་འཕྲད་འདིའི་སྐབས་གཏོང་ལེན་སློབ་མ་ཁག་ཅིག་ནས་དམིགས་བསལ་གནད་དོན་འདིའི་ཐོག་ལས་འཆར་ཁག་ཅིག་སྤེལ་བཞིན་པ་དང་ལས་འཆར་གསར་པ་ཁག་ཅིག་སྐོར་སྙན་སེང་ཞུས་པའི་ནང་། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་རྒྱ་གར་གྱི་སློབ་གྲྭ་ཁག་ལ་བསྐོར་སྐྱོད་ཀྱིས་གོ་རྟོག་སྤེལ་བཞིན་ཡོད་པ་དང་། ལས་འཆར་གཉིས་པ་དེ་ནི་གོང་ཞུས་གནད་དོན་སྐོར་ཚོང་འགྲེམས་ལྟབུས་མང་ཚོགས་རྒྱ་ཆེ་སར་ཡིག་ཆ་འགྲེམས་སྤེལ་སོགས་ཀྱི་ལམ་ནས་གང་ལྟར་བྱམས་བརྩེ་གོང་འཕེལ་གཏོང་ཐབས་བྱེད་རྒྱུ་ཡིན་ལུགས་ཞུས་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་གཏོང་ལེན་གྱི་སློབ་མ་ཚོའི་ལས་འཆར་ཁག་ལ་བསྔགས་བརྗོད་གནང་བ་དང་འབྲེལ་མ་འོངས་པར་ཤེས་ཡོན་སློབ་གསོའི་ནང་ཕྱི་དངོས་པ་གཅིག་པུའི་ཐོག་མ་ཡིན་པར་ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་དང་བཟང་སྤྱོད་ཀྱི་སྐོར་ཆོས་དང་མ་འབྲེལ་བའི་ཐོག་ནས་སློབ་ཚན་སྤྲོད་རྒྱུའི་འཆར་གཞི་དང་ཟིན་བྲིས་རིགས་མཁོ་སྤྲོད་གནང་འཆར་ཡོད་པ་དང་། ད་ལྟའི་དུས་རབས་ཉེར་གཅིག་པའི་གཞོན་སྐྱེས་ཚོས་འཛམ་གླིང་འདིའི་ནང་ཞི་བདེ་བག་ཕེབས་ངང་གནས་ཐབས་སུ་འབད་བརྩོན་བྱེད་དགོས་ལུགས་བཀའ་སློབ་བསྩལ་གནང་འདུག གོང་དུ་ཞུས་པའི་གཏོང་ལེན་སློབ་གྲྭ་འདི་ནི་སྐུ་ཞབས་འཇམ་དབྱངས་ལགས་ནས་རྒྱ་གར་ཡུལ་མི་ཉམ་ཐག་རིགས་ཀྱི་ཕྲུ་གུ་ཚོར་དམིགས་བསལ་སློབ་གྲྭ་ཆེད་བཙུགས་གནང་བ་ཞིག་དང་སློབ་གྲྭ་དེར་༧གོང་ས་མཆོག་ནས་ད་བར་ལོ་ངོ་བཅུ་ལྷག་ཙམ་རིང་གཟིགས་རྟོག་གནང་བ་ཞིག་ཡིན་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།