༧གོང་ས་མཆོག་གིས་རྒྱ་གར་བྷེ་ཧར་ནང་གི་སློབ་ཕྲུག་ཁྲི་ཚོར་བརྒལ་བར་བཀའ་སློབ་བསྩལ་བ།


2018-01-25
Share
༧གོང་ས་མཆོག་གིས་རྒྱ་གར་བྷེ་ཧར་གྱི་སློབ་ཕྲུག་ཚོར་བཀའ་སློབ་གནང་སྐབས། ༢༠༡༨།༡།༢༥ ༧གོང་ས་མཆོག་གིས་རྒྱ་གར་བྷེ་ཧར་གྱི་སློབ་ཕྲུག་ཚོར་བཀའ་སློབ་གནང་སྐབས། ༢༠༡༨།༡།༢༥
པ་སངས་ཚེ་རིང་། /RFA

འགྲོ་བ་མིའི་བདེ་སྐྱིད་འབྱུང་ཐབས་སུ་དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ནང་བྱམས་བརྩེ་དང་སེམས་བཟང་སློབ་ཁྲིད་བྱ་གལ་ཤིན་ཏུ་ཆེ་བ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བསྩལ་གནང་འདུག
དེ་ཡང་ཕྱི་ཟླ་ ༡ ཚེས་༢༥ རེས་གཟའ་ཕུར་བུའི་ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བའི་ནང་(Alice Project)་ འམ་ཨེ་ལིསི་ལས་འཆར་ཁང་གི་གོ་སྒྲིག་འོག རྒྱ་གར་གྱི་བྷེ་ཧར་(Bihar)་མངའ་སྡེའི་སློབ་གྲྭ་དང་། མཐོ་རིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཆིག་ཁྲི་ལྔ་སྟོང་ཙམ་ལ་ (Education for Universal Ethics in Schools and Colleges)ཤེས་ཡོན་སློབ་གསོའི་ལམ་ལུགས་ནང་ཀུན་ཁྱབ་འགན་འཁུར་གྱི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་པ་དང་། དེ་བཞིན་(Alice)་ལས་འཆར་ཁང་ལ་ཞལ་འདེབས་ཧིན་སྒོར་འབུམ་བརྒྱ་གསོལ་སྩལ་གནང་ཡོད་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བའི་ནང་། སྤྱིར་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་དེ་བཞིན་སྤུས་ཚད་གང་ལེགས་ཡོད་རུང་ནང་དོན་གྱི་ཆ་ནས་གཙོ་བོ་ཕྱི་དངོས་པོའི་རིན་ཐང་ལ་དམིགས་པ་ཞིག་ཡིན་པ་ལྟ་བུ་ལས་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་དང་། འགྲོ་མིའི་བཟང་སྤྱོད་གོང་འཕེལ་ཐུབ་པའི་ཕྱོགས་ཡོངས་ཀྱི་ཡོན་ཏན་འཐུས་ཚང་ཞིག་སྤྲོད་རྒྱུའི་སློབ་གསོ་ཆད་ལྷག་ཡོད་པར་བརྟེན་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ ཤེས་ཡོན་སློབ་གསོ་དེ་བཞིན་བློ་གྲོས་ཀྱི་ནུས་པ་བསྐྱེད་བསྲིངས་ཙམ་དུ་མ་ཟད། མི་སེམས་བཟང་པོ་བྱ་རྒྱུའི་སློབ་གསོ་སྤྲོད་ཐུབ་པ་བྱ་རྒྱུ་གལ་ཤིན་ཏུ་ཆེ་བ་ཡིན་པའི་སྐོར་བཀའ་སྩལ་གནང་འདུག
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་པ་དེ་ཞི་བདེ་ལྡན་པའི་དུས་རབས་ཤིག་འབྱུང་མིན་ནི་གཞོན་སྐྱེས་ཚོར་རག་ལུས་ཡོད་པར་བརྟེན། དུས་རབས་ཉི་ཤུ་པའི་ནང་གི་དྲག་སྤྱོད་ཀྱིས་རྐྱེན་པས་འཛམ་གླིང་ནང་དཀའ་ངལ་ཆེན་པོ་བྱུང་བའི་ཉམས་མྱོང་ཡིད་ལ་བཅང་སྟེ། ཁྱེད་ཚོད་ཞི་བདེ་ལྡན་པའི་དུས་རབས་ཤིག་བསྐྲུན་ཐབས་ལ་ངེས་པར་འབད་བརྩོན་བྱེད་དགོས་པ་བཀའ་སློབ་གནང་འདུག
ཕྱི་ཚེས་ ༢༥ ཉིན་གྱི་མཛད་འཆར་འདི་ནི་ཐེངས་འདིའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གནས་མཆོག་རྡོ་རྗེ་གདན་དུ་དུས་ཡུན་ཟླ་བ་གཅིག་ཙམ་རིང་བསྐྱངས་པའི་མང་ཚོགས་ཀྱི་མཛད་འཆར་མཐའ་མ་དེ་ཡིན་པ་དང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།