བཀའ་ལན་གོ་ལོག་གི་གླེང་གཞིར་སྐུ་སྒེར་ཡིག་ཚང་གིས་གསལ་བཤད་གནང་འདུག


2019.07.02
སྐུ་སྒེར་ཡིག་ཚང་གི་དྲ་ངོས། ༢༠༡༩།༧།༢ སྐུ་སྒེར་ཡིག་ཚང་གི་དྲ་ངོས། ༢༠༡༩།༧།༢
དྲ་བཤུས།

ཉེ་ལམ་༧གོང་ས་མཆོག་གིས་སྐུའི་ཡང་སྲིད་བུད་མེད་ཡིད་དབང་འཕྲོག་པ་ཅིག་ཕེབས་སྲིད་པ་དང་ཡོ་རོབ་ནང་གི་སྐྱབས་བཅོལ་བའི་གནད་དོན་ཐོག་བཀའ་ལན་ཕེབས་པ་བཅས་ལ་རྒྱལ་སྤྱིའི་སྟེང་གོ་ལོག་གིས་གླེང་གཞི་གང་འཚམས་བྱུང་བར་སྐུ་སྒེར་ཡིག་ཚང་གིས་གསལ་བཤད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་ཕྱི་ཟླ་༦པའི་ཚེས་༢༧ཉིན། དབྱིན་ཡུལ་གྱི་སྦི་སྦི་སི་(BBC)་གསར་ཁང་ལ་སྐུའི་ཡང་སྲིད་ཀྱི་སྐོར་དང་ཡོ་རོབ་ནང་གི་སྐྱབས་བཅོལ་བའི་གནས་སྟངས་སོགས་ཀྱི་ཐད་བཅར་འདྲི་ཞུས་ཤིང་། སྦི་སྦི་སིའི་གསར་འགོད་པས་༧སྐུའི་ཡང་སྲིད་བེུད་ཞིག་ཏུ་ངོ་བོར་ཕེབས་སྲིད་པ་དེ་སྔ་བཀའ་གནང་ཡོད་པ་དང་། དེ་ཡང་བེུད་ཡིད་དུ་འོང་བ་ཞིག་བཀའ་གནང་ཡོད་པ་དེ་དག་གི་ཐད་དགོངས་ཚུལ་བཀའ་འདྲི་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བེུད་ཀྱི་ཡང་སྲིད་འབྱུང་སྲིད་ལ། གལ་ཏེ་ཡང་སྲིད་དེ་བེུད་ཞིག་ཏུ་འཁྲུངས་ཚེ་བེུད་ཡིད་དུ་འོང་བ་ཞིག་འཁྲུངས་གི་རེད་ཅེས་བཀའ་ལན་གནང་པ་དེར་སྤྱི་ཚོགས་དྲ་ལམ་ཐོག་བསམ་ཚུལ་བརྗོད་མཁན་ཤུགས་ཆེ་བྱུང་ཞིང་། ཕྱི་ཟླ་ ༧ ཚེས་ ༢ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཡོངས་ཁྱབ་གསལ་བཤད་ཞིག་གནང་པའི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་ལྟར་བཀའ་གནང་པ་དེ་ནི་སུ་ཞིག་ལ་གནོད་ནང་དགོངས་པ་རྩ་བ་ནས་མིན་ན་ཡང་། གལ་ཏེ་བཀའ་མོལ་དེས་གནོད་པ་ཡོངས་ལ་ཞལ་ཞེ་གཉིས་མེད་ཀྱིས་དགོངས་སེལ་ཞུ་རྒྱུ་ཡིན་ཅེས་འཁོད་ཡོད་པ་རེད། ད་དུང་དགའ་ལྡན་ཕོ་བྲང་གིས་གསལ་བཤད་དེའི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྟག་ཏུ་མི་ཕན་ཚུན་གྱི་འབྲེལ་ལམ་དེ་ཕྱི་ཚུལ་གྱི་རྣམ་པ་ཙམ་མིན་པར་འགྲོ་བ་མིའི་གཏིང་གཟབ་པའི་ཁྱད་ཆོས་གཞི་ལ་བཞག་པ་ཞིག་དགོས་གལ་ཆེ་བ་བཀའ་གནང་པ་དང་ཕུག་གི་དགོངས་པ་བཞེས་ཚུལ་ཡང་འདི་རང་ཡིན་པ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐུགས་བརྒྱུད་ཡོད་པ་ཚང་མས་ངོས་འཛིན་ཞུ་གི་རེད་ཅེས་གསལ་འདུག
དེ་བཞིན་གསལ་བཤད་དེའི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་བེུད་ཞིག་ཏུ་ཕེབས་མིན་ཐད་ཕྱི་ལོ་ ༡༩༩༢ ལོར་ཧྥརན་སིའི་དུས་དེབ་ Vouge ཟེར་བའི་བཅར་འདྲི་ཞུས་སྐབས་བཀའ་གནང་ཞིང་། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་ལ་ཕན་ན་བུད་མེད་ཀྱི་ཡང་སྲིད་ཀྱང་ཡོང་ཆོག་གི་རེད་ཅེས་དང་ཡང་ཞལ་ཞོབ་དང་སྦྲགས་བེུད་དེ་ཡང་མཛེས་སྡུག་ལྡན་པ་ཞིག་བྱུང་ན་ད་དུང་ཕན་ཐོགས་ཆེ་བ་ཡོང་གི་རེད་ཅེས་བཀའ་གནང་ཡོད་པ་རེད།  འོན་ཀྱང་རྣམ་ཀུན་༧གོང་ས་ཆེན་པོས་སྐབས་རེ་ཐོལ་བྱུང་གི་ཞལ་རྩེད་འདྲ་མིན་གནང་གི་ཡོད་པ། རིག་གཞུང་ཁ་ཤས་ཀྱི་ནང་བག་བྲོ་བོ་ཡོང་གི་ཡོད་ནའང་རིག་གཞུང་གོམས་གཤིས་རེ་ཟུང་ནང་དེའི་ནང་བསྒྱུར་སྐབས་དགོད་བྲོ་བོའི་རྣམ་པ་དེ་ཚོ་ཡལ་འགྲོ་བ་ཡང་ཡོང་གི་ཡོད་པས། མི་སུ་ལ་ཕོག་ཐུག་དང་ཡིད་མ་རངས་པ་འདྲ་བྱུང་ཡོད་ཚེ་༧གོང་ས་ཆེན་པོས་གང་གསུངས་པར་ཐུགས་འགྱོད་གནང་གི་ཡོད་ཅེས་འཁོད་འདུག་ལ། གསལ་བཤད་དེའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བེུད་ལ་མཐོང་ཆུང་ཁྱད་གསོས་བྱེད་པར་རྟག་ཏུ་ངོ་རྒོལ་གནང་མཁན་ཞིག་ཡིན་པ་དང་། རྒྱལ་སྤྱིའི་ནང་བེུད་ཀྱི་ནུས་སྟོབས་གོང་འཕེལ་དང་བེུད་ཚོའི་འདྲ་མཉམ་གྱི་ཐོབ་ཐང་ཡར་རྒྱས་འགྲོ་བཞིན་པར་དགའ་བསུ་གནང་ཞིག་ཡིན་པ་གསལ་བཏོན་གནང་འདུག  ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བོད་པའི་བཙུན་མ་ཚོར་དགེ་བཤེས་མའི་ཤེས་ཡོན་མདུན་ལམ་གསར་གཏོད་གནང་པ་དང་། དུས་རྟག་ཏུ་འཛམ་གླིང་ནང་བེུད་ཀྱི་འགོ་ཁྲིད་མང་ཙམ་བྱུང་ན་འཛམ་གླིང་ནང་ཞི་བདེ་ཆེ་ཙམ་ཡོང་རྒྱུ་ཡིན་པའི་དགོངས་ཚུལ་ལན་མང་གནང་ཡོད་པ་ཡང་བཀོད་འདུག
ཡང་ཡོ་རོབ་ནང་གི་སྐྱབས་བཅོལ་བའི་གནད་དོན་ཐད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཡོ་རོབ་ཀྱི་ཡུལ་ལུང་ཁག་གིས་སྐྱབས་བཅོལ་བ་ཚོ་དང་ལེན་བྱེད་པ་དང་ཆབས་ཅིག ཁོང་ཚོར་ཤེས་ཡོན་དང་སྦྱོང་བརྡར་སྤྲད་དེ་མཐར་རང་རང་སོ་སོའི་རྒྱལ་ཁབ་ཀྱི་འཛུགས་བསྐྲུན་སླར་གསོའི་ཆེད་ཡུལ་དུ་ཕྱིར་ལོག་བྱ་དགོས་པའི་དགོངས་ཚུལ་གསུངས་པ་དེའི་གོ་བ་ལེན་ཕྱོགས་ནོར་བའི་རྣམ་པ་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གསལ་བཤད་དེའི་ནང་བཀོད་འདུག  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱབས་བཅོལ་བའི་རིགས་གཅིག་རང་གི་ལུང་པར་ཕྱིར་ལོག་བྱ་འདོད་ཡོད་པ་དང་རིགས་གཅིག་ཕྱིར་ལོག་ཐུབ་ཐབས་མེད་པའི་གནས་ལུགས་གསལ་པོར་མཁྱེན་གྱི་ཡོད་པ་རེད་ཅེས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱབས་བཅོལ་གནད་དོན་ཐད་དགོངས་པ་བཞེས་ཚུལ་ངོ་མ་ཇི་ཡིན་ཝ་ཤིང་པིསྀཊ་ཚགས་པར་ནང་ཕྱི་ལོ་ ༢༠༡༦ ལོར་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་དགོངས་ཚུལ་ཞིག་འདོན་སྤེལ་གནང་ཡོད་པ་དེའི་ནང་། འཛམ་གླིང་གི་ཡུལ་གྲུ་མང་པོས་འགྲོ་ས་སྡོད་ས་མེད་པའི་སྐྱབས་བཅོལ་བ་ཚོར་རོགས་ཤུགས་ཆེ་གནང་པ་ནི་སེམས་ཤུགས་འཕེལ་བ་ཞིག་བྱུང་། ངོས་རང་ཡང་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་དཀའ་སྡུག་ཅི་ཆེ་མྱངས་པའི་སྐབས་རོགས་ཕན་བྱེད་མཁན་ཚོར་རྗེས་སུ་ཡིད་རངས་ཇི་ཙམ་ཡོང་གི་ཡོད་པ་ནི་རང་གི་ཉམས་མྱོང་གི་ཐོག་ནས་བརྗོད་ཐུབ་པ་ཞིག་རེད་ཅེས་གསུངས་པ་དེ་ནས་ཚོད་དཔགས་ཐུབ་པ་ཞིག་རེད་ཅེས་བཀོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎