བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་ནི་འཁྲུངས་སྐར་གྱི་ལག་རྟགས་ཡག་ཤོས་ཡིན། ༧གོང་ས་མཆོག་གིས།
2019.07.10
མ་འོངས་ལོ་མང་རིང་ང་ཚོས་མཉམ་དུ་སྐྱེས་སྐར་ལ་རོལ་བའི་རེ་བ་བྱེད་བཞིན་ཡོད་ཅེས་༧གོང་ས་མཆོག་གིས་གསུང་འཕྲིན་སྩལ་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ས་ཕྱོགས་གང་ས་ནས་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་། གྲོས་ཚོགས་ཀྱི་འཐུས་མི། བོད་མི་གཙོ་བོར་གྱུར་བའི་འཛམ་གླིང་ཤར་ནུབ་ཀྱི་མི་མང་འབུམ་ཕྲག་མང་པོས་དགུང་གྲངས་ ༨༤ ར་ཕེབས་པའི་༧སྐུའི་འཁྲུངས་སྐར་སྲུང་བརྩི་དང་དགའ་བསུའི་འཚམས་འདྲི་ཕུལ་བར། ཕྱི་ཟླ་ ༧ ཚེས་ ༡༠ ཉིན་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཞིག་སྩལ་གནང་མཛད་ཅིང་། དེའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁྱེད་རྣམ་པས་ངོས་ཀྱི་སྐྱེས་སྐར་ལ་དགའ་ཞིང་མགུ་བའི་འཚམས་འདྲི་གནང་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག མ་འོངས་པར་ལོ་ཡུན་མང་པོའི་རིང་ཁྱེད་རྣམས་དང་ལྷན་དུ་སྐྱེས་སྐར་ལ་རོལ་བའི་རེ་བ་བྱེད་བཞིན་ཡོད་ཅེས་བཀའ་གནང་འདུག
ད་དུང་གསུང་འཕྲིན་དེའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེས་སྐར་གྱི་ཕྱག་རྟགས་ཡག་ཤོས་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་བདེ་སྐྱིད་སྤེལ་བའི་སླད་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་དང་། ཆོས་ལུགས་མཐུན་སྒྲིལ། དཔལ་ན་ལེནྜའི་མཁས་དབང་རྣམས་ནས་བོད་མི་ཚོར་རྩིས་སྤྲོད་གནང་པའི་རིག་གཞུང་བདག་ཉར་ཆེད་བོད་ཀྱི་སྐད་ཡིག་དང་རིག་གནས་རྒྱུན་འཛིན། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་བཅས་ཀྱི་ཐུགས་བསྐྱེད་དམ་བཅའ་ཁག་ལག་བསྟར་བྱ་རྒྱུ་དེ་ཡིན་པ་བཀའ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཤེས་ཡོན་ལམ་ལུགས་ནང་བྱམས་སྙིང་རྗེའི་སློབ་གསོ་ངེས་པར་དགོས་པ་བཀའ་གནང་པ་དང་། ལྷག་པར་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་རྒྱ་གར་གཞོན་སྐྱེས་ཚོའི་རྒྱུད་ལ་འཇོག་ཐབས་ཐད་གནང་རྒྱུའི་ཐུགས་འདུན་བརྟན་པོ་ཡོད་པ་བཀའ་གནང་ཡོད་པ་རེད། དེ་ལྟ་བུའི་རྒྱ་གར་ནང་གནའ་རབས་ནས་དར་བའི་རིག་གཞུང་དེ་ནི་དེང་སྐབས་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་སེལ་རྒྱུར་ཡང་འབྲེལ་ཆགས་ཙམ་མ་ཟད་ཕན་ཐོགས་ངེས་ཅན་ཡོད་པ་ཡིན་པ་བཀའ་གནང་འདུག་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དེ་དག་དོན་གཉེར་ཅན་པ་ཚོར་ཁྱབ་སྤེལ་གང་ཐུབ་དགོས་པ་འབོད་བསྐུལ་གནང་ཡོད་པ་རེད།