སྤྱི་ནོར་༧གོང་ས་མཆོག་གིས་རྩོད་རྒྱུགས་ལ་གཟིགས་ཞིབ་དང་དགའ་ལྡན་དུ་ཆིབས་བསྒྱུར།

2019-12-18
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ནོར་༧གོང་ས་མཆོག་གིས་འབྲས་སྤུངས་སུ་རྩོད་རྒྱུགས་ལ་གཟིགས་ཞིབ། ༢༠༡༩།༡༢།༡༨
སྤྱི་ནོར་༧གོང་ས་མཆོག་གིས་འབྲས་སྤུངས་སུ་རྩོད་རྒྱུགས་ལ་གཟིགས་ཞིབ། ༢༠༡༩།༡༢།༡༨
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་རྩོད་རྒྱུགས་ལ་གཟིགས་ཞིབ་གནང་གྲུབ་མཚམས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཆིབས་བསྒྱུར་གནང་ཡོད་པ་རེད།
འདི་ཚེས་༡༨་ཉིན་གྱི་ཞོགས་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ། ཉིན་གསུམ་གྱི་མཛད་འཆར་མཐའ་མ་སྟེ་གྲྭ་ཚང་གི་རྩོད་རྒྱུགས་ལ་གཟིགས་ཞིབ་གནང་བ་དང་མཉམ། རྒྱལ་བའི་ཡོངས་འཛིན་སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་ཡིན་པ་དང་། རིན་པོ་ཆེ་མཆོག་མདོ་སྔགས་རབ་འབྱམས་སྨྲ་བ་ཞིག་ཡིན་པ་སོགས་ཀྱི་ཆེ་བསྟོད་གནང་བ་དང་། གཞན་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་མྱོང་དང་འབྲེལ་ཏེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་གོམས་འདྲིས་བསྟེན་པའི་དབང་ཀྱི་ལུས་བདེ་བ་དང་སེམས་སྐྱིད་པ། དེ་བཞིན་ཚེ་རིང་བ་སོགས་ཀྱི་ཕན་ཐོག་ཡོད་པ་བཀའ་གནང་ཡོད།
ད་དུང་༧གོང་ས་མཆོག་གིས། ཚང་མས་བོད་རིགས་ཞིག་ཡིན་པའི་ངོས་ནས་བོད་པའི་ཚད་མཐོང་ལ་རྒྱ་འཕེལ་བར་བྱེད་རྒྱུ་དང་། འཛམ་གླིང་སྤྱིའི་སྒང་ལ་ཕན་ཐོག་བསྐྲུན་རྒྱུར་བསམ་བློ་གཏོང་དགོས་བ་བཀའ་བསྩལ་ཡོད།
སྤྱི་ནོར་༧གོང་ས་མཆོག་གིས་ད་ལན་འདོད་རྒུ་གླིང་གཞིས་ཁུངས་དགའ་ལྡན་དང་། འབྲས་སྤུངས་གཉིས་ཀྱི་གྲྭ་ཚང་ཁག་བཞི་དང་། བློ་གསལ་གླིང་གྲྭ་ཚང་གི་འཛིན་གྲྭ་འདྲ་མིན་ཁག་༡༧་གྱི་སློབ་མ་༢༠་ཡིས་རྩ་འཇུག་བཞི་གསུམ་དང་། ཚད་མ། ཕར་ཕྱིན་ལ་སོགས་པའི་གཞུང་ཆེན་ཁག་ལ་རྩོད་རྒྱུགས་གནང་བ་དང་། གཙོ་བོ་༧གོང་ས་མཆོག་གི་ལམ་སྟོན་ལྟར་བློ་གསལ་གླིང་གྲྭ་ཚང་ནས་ལུང་གི་རྒྱབ་རྟེན་མ་འཁྱེར་པར་རིག་པའི་དམ་བཅའ་ཚོགས་ཏེ་སྒྲུབ་པའི་མཆོད་པའི་ཚུལ་དུ་རྩོད་རྒྱུགས་གནང་ཡོད་པ་བློ་གསལ་གླིང་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་ངོ་སྤྲོད་གནང་ཡོད།
རྩོད་རྒྱུགས་རྗེས་སྤྱི་ནོར་༧གོང་ས་མཆོག་འབྲས་སྤུངས་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཆིབས་བསྒྱུར་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།