རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དམ་པའི་ཆེད་༧གོང་ས་མཆོག་གིས་ཐུགས་གསོ།
2019.01.29
སྐུ་ཚེ་ཧྲིལ་པོའི་རིང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་ཇོརཇ་ཧྥར་ནན་དྷེསྀ་མཆོག་དགོངས་པ་རྫོགས་པར་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་ཐུགས་གསོ་དང་གདུང་སེམས་མཉམ་བསྐྱེད་གནང་འདུག
དེ་ཡང་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇོརཇ་ཧྥར་ནན་དྷེསྀ (George Fernandes)མཆོག་ཡུན་རིང་སྙུང་མནར་གྱི་མཐར་ཕྱི་ཟླ་ ༡ ཚེས་༢༩ རེས་གཟའ་མིག་མར་ཉིན་དགུང་ལོ་༨༨ཐོག་སྐུ་གཤེགས་ཤིང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དམ་པ་ཁོང་གི་ལྕམ་ལེཡི་ལ་ཀ་སྦིར་ Leila Kabir)ལགས་དང་འདས་བཤུལ་ནང་མི་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་འདུག་ཅིང་། གསུང་འཕྲིན་དེའི་ནང་། ༧གོང་ས་མཆོག་དང་དམ་པ་ཁོང་ལོ་ངོ་ལྔ་བཅུ་ལྷག་རིང་འབྲེལ་བ་དང་སྔ་རྗེས་མཇལ་འཕྲད་ཐེངས་མང་གནང་ཡོད་པ་དྲན་གསོ་གནང་པའི་ཐོག་གནས་སྟངས་དཀའ་ངལ་ཇི་འདྲ་ཞིག་ཡོད་མིན་ལ་མ་ལྟོས་པར་ཁོང་ནི་རང་གི་ལྟ་གྲུབ་གཞིར་བཟུང་བཞེངས་ཕྱོགས་བརྟན་པོའི་ཐོག་ནས་ཤར་བསྐྱོད་གནང་མཁན་ཞིག་ཡིན་སྟབས་ངོས་ཀྱིས་ཡི་རངས་བསྔགས་བརྗོད་རྒྱ་ཆེ་ཞུ་བཞིན་ཡོད་ཅེས་དང་། ད་དུང་གསུང་འཕྲིན་དེའི་ནང་། ཁོང་ནི་བདེན་དོན་དང་། འགྲོ་བ་མི་རིགས་སྤྱིའི་བདེ་དོན་ལ་དགོངས་བཞེས་གནང་མཁན་གྱི་སྐྱེས་བུ་ཞིག་ཡིན་ཞིང་། སྐུ་ཚེ་ཧྲིལ་པོའི་རིང་དམ་པ་ཁོང་གིས་མི་མང་ཉམ་ཐག་མགོན་མེད་ས་ཡ་མང་པོའི་མགྲིན་ཚབ་པ་གནང་པར་མ་ཟད། ཕན་གྲོགས་རྒྱ་ཆེ་གནང་ཡོད་ཅེས་བཀའ་གནང་འདུག
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ཇོརཇ་ཧྥར་ནན་དྷེསྀ་འདས་པོ་ཁོང་ནི་དྲང་བདེན་ལ་རྒྱབ་སྐྱོར་དང་རྣམ་དཔྱོད་ཀྱི་བློ་གྲོས་ལ་མངོན་པར་གཏོད་མཁན་ཞིག་ཡིན་པའི་བསྟོད་བསྔགས་གནང་ཞིང་། བོད་དོན་ཐོག་ལ་ནི་ཐོག་མ་ཉིད་ནས་དམ་པ་ཁོང་གིས་བོད་མིར་གདུང་སེམས་མཉམ་སྐྱེ་དང་། ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་བ་དང་། བོད་དོན་ཐོག་གཏམ་བཤད་གནང་རྒྱུའི་གོ་སྐབས་ནམ་བྱུང་སྐབས་འཛེམས་ཟོན་སྤངས་ཏེ་རྒྱབ་སྐྱོར་གནང་བ་མ་ཟད། བོད་མི་དང་འདྲ་བའི་དཀའ་སྡུག་མྱོང་བཞིན་པའི་མི་མང་ཚོའི་དོན་དུའང་དེ་མཚུངས་རྒྱབ་སྐྱོར་གནང་ཡོད་པ་བཀའ་གནང་འདུག
སྐུ་ཞབས་ཇོརཇ་ཧྥར་ནན་དྷེསྀ་མཆོག་ནི་ཡེ་ཤུའི་ཆོས་བྱེད་པ་ཞིག་ཡིན་ཡང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངོས་ནས་དམ་པ་ཁོང་སླར་ཡང་འགྲོ་བ་མིའི་ལུས་རྟེན་བཟང་པོ་ཐོབ་ནས་སླར་ཡང་རྒྱལ་ཁབ་ཀྱི་སྲིད་ཞུའི་ལས་དོན་དང་། ལྷག་པར་ཉམ་ཐག་མགོན་མེད་རྣམས་ཀྱི་བདེ་དོན་ཆེད་ལས་འཕྲོ་མཇུག་སྐྱོང་གནང་རྒྱུ་ཡིན་པ་ཐུགས་ཡིད་ཆེས་གནང་པ་དང་ཆབས་ཅིག། རྟག་ཏུ་དམ་པ་ཁོང་རྗེས་དྲན་དང་ཁོང་གི་ཆེད་ཐུགས་སྨོན་གནང་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་ཐུགས་གསོའི་གསུང་འཕྲིན་ཞིག་ཕུལ་གནང་བའི་ནང་། སྐུ་ཞབས་ཇོརཇ་ཧྥར་ནན་དྷེསྀ་(George Feranades)དམ་པ་ཁོང་ཉིད་ཀྱིས་རྒྱ་གར་གཞུང་གི་ལས་བྱེད་གནང་པའི་དུས་ཡུན་དང་། ་ཕྱིས་སུ་བགྲེས་ཡོལ་ཞུས་ཟིན་པའི་སྐབས་བོད་དོན་ཐོག་རྒྱབ་སྐྱོར་དང་བོད་དོན་གླེང་སློང་ཤུགས་ཆེ་གནང་ཡོད་པར་བསྔགས་བརྗོད་གནང་པའི་ཐོག་དམ་པ་དེ་ཉིད་སྐུ་གཤེགས་པ་ནི་བོད་མི་ཚོར་མཚོན་ན། བོད་ཀྱི་རླབས་ཆེན་གྱི་གྲོགས་པོ་ཞིག་མེད་པར་གྱུར་བ་བཀོད་འདུག་པར་མ་ཟད། དམ་པ་དེ་ཉིད་ཀྱིས་རྒྱ་གར་གྱི་བདེ་སྲུང་བློན་ཆེན་གནང་བཞིན་པའི་སྐབས་རྒྱ་གར་གྱི་དགྲ་བོ་ཨང་དང་པོ་ནི་རྒྱ་ནག་རེད་ཅེས་གསུང་པ་དེ་ནི་རྒྱ་གར་གཞུང་གི་བློན་ཆེན་ཞིག་གིས་གསུངས་པ་ཆེས་ཐོག་མ་ཆགས་ཡོད་ཅིང་། ཁོང་གིས་དེ་ལྟར་གསུངས་པ་དེ་ད་ཆ་དངོས་བདེན་ཡིན་པ་རྒྱ་གར་ཡུལ་མི་ཚོས་ར་འཕྲོད་ཐུབ་བཞིན་ཡོད་པ་གསུངས་འདུག
ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། སྐུ་ཞབས་དམ་པ་ཇོརཇ་ཧྥར་ནན་དྷེསྀ་(George Fernandes)མཆོག་གི་ལྕམ་(Shrimati Leila Kabir)ལགས་དང་རྗེས་ཤུལ་ནང་མི་ཡོངས་ལ་དམ་པ་ཁོང་སྐུ་གཤེགས་པར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་གསོ་ཞུ་རྒྱུ་མ་ཟད། དམ་པ་ཁོང་གི་ལོ་ངོ་༥༠ལྷག་རིང་། རྒྱ་གར་གྱི་གྲོས་ཚོགས་དང་དེ་བཞིན་གྲོས་ཚོགས་ཀྱི་ཕྱི་ལ་བོད་དོན་གླེང་སློང་གནང་པ་དང་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་པར་བཀྲིན་བསམ་ཞིང་ཡི་རང་བསྔགས་བརྗོད་ཞུ་ཡི་ཡོད་པ་གསུངས་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་ཀྱང་། སྤྱི་ཚེས་༢༩ཉིན་བློན་ཆེན་ཟུར་པ་ཁོང་གི་ནང་མི་ཚོར་ཐུགས་གསོ་དང་འབྲེལ། བོད་མི་ཚང་མའི་ཚབ་ཞུས་ཏེ་ཁོང་གི་ནང་མི་ཚང་མ་ལ་ཐུགས་གསོ་ཞུས་བ་དང་། ཁོང་ནི་ང་ཚོ་བོད་པའི་གྲོགས་པོ་བློས་ཐུབ་ཞིག་དང་། ཁོ་རང་གི་མི་ཚེ་ཆ་ཚང་རིང་བོད་དོན་ཐོག་རྒྱབ་སྐྱོར་བྱས་བསྡད་པའི་རྒྱ་གར་གྱི་དཔོན་རིགས་ཤིག་རེད་ཅེས་འདི་ག་རླུང་འའཕྲིན་ཁང་ལ་གསུངས་ཡོད།
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་ ༡ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་སྐུ་ཞབས་དམ་པ་ཇོརཇ་ཧྥར་ནན་དྷེསྀ་(George Fernandes) དམ་པ་ཁོང་ལ་མྱ་ངན་གུས་འདུད་ཞུ་ཆེད་མཆོད་འབུལ་སྨོན་ལམ་ཞུ་རྒྱུ་ཡིན་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།