༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཚེས་༢༡ཉིན་ཨ་རིའི་ Kentuckyམངའ་སྡེའི་ Louisvilleཁུལ་དུ་རྟེན་གཞི་བྱེད་པའི་ཀེན་ཊ་ཀི་སྒྱུ་རྩལ་ལྟེ་གནས་ཁང་དུ་འབྲིང་རིམ་དང་མཐོ་རིམ་འཛིན་གྲྭར་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་༢༤༠༠ཙམ་ལ་བྱམས་བརྩེའི་ཐོག་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད། དེ་ཡང་ང་ཚོའི་ཆེད་གཉེར་གསར་འགོད་པ་ལྕགས་མོ་འཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་ལྟར་ན། ༧གོང་ས་མཆོག་ནས་སྐབས་དེར་འདུ་འཛོམས་བྱུང་བའི་སློབ་གཉེར་བ་རྣམས་ལ་བྱམས་བརྩེ་ཞེས་པ་དེ་ཆོས་ལུགས་དང་འབྲེལ་ནས་མ་ཡིན་པར། མི་ཞིག་ཡིན་ཕྱིན་ཆད་ཉམས་ལེན་བྱེད་དགོས་པ་ཞིག་ཡིན་སྐོར་བཀའ་གནང་འདུག ༧གོང་ས་མཆོག་ནས་ད་དུང་། བྱམས་བརྩེ་དང་བཟོད་བསྲན་ཉམས་ལེན་བྱེད་མཁན་རྣམས་སྙིང་སྟོབས་ཆེ་བ་ཡོད་སྐོར་བཀའ་གནང་ཡོད་པ་རེད། སྐབས་དེར་སློབ་ཕྲུག་གི་ནང་ནས་སླེབས་པའི་དྲི་བ་ཞིག་ལ་བཀའ་ལན་གནང་སྐབས། སློབ་ཕྲུག་རྣམས་ལོ་སྣ་ཆུང་དུས་སློབ་སྦྱོང་གི་དུས་ཚོད་དེ་ཆུད་ཟོས་བཏང་རྒྱུ་མེད་པའི་ལམ་སྟོན་ཡང་གནང་ཡོད་པ་རེད། ཡང་ཁོང་ཁྲོ་ཞི་འཇམ་བཟོ་སྟངས་ཀྱི་ཐོག་ལ་ཕེབས་པའི་དྲི་བ་ཞིག་ལ་བཀའ་ལན་གནང་སྐབས། གློ་བུར་དུ་སླེབས་པའི་ཁོང་ཁྲོའམ་སེམས་མི་བདེ་བ་དེ་དག་ཞི་འཇམ་བཟོ་རྒྱུའི་ཆེད་དབུགས་གཏོང་ལེན་གྱི་ཐོག་ལ་དམིགས་པ་བཞག་དགོས་སྐོར་བཀའ་གནང་བ་དང་འབྲེལ། དབུགས་གཏོང་ལེན་གྱི་ཐོག་ལ་དམིགས་པ་བཞག་པ་དེས་གློ་བུར་དུ་སླེབས་པའི་སེམས་མི་བདེ་བ་དེ་གང་ཙམ་གྱི་མེད་པ་ཆགས་རྒྱུ་ཡིན་སྐོར་བཀའ་གནང་ཡོད་པ་རེད། ༧གོང་ས་མཆོག་ནས་དེ་རིང་ད་དུང་ཝེཊ་ནམ་ནང་པ་ཚོ་ལའང་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།།