རྒྱ་གར་ནི་སེམས་ཀྱི་ཞི་བདེ་བསྐྲུན་ཐུབ་མཁན་གྱི་རྒྱལ་ཁབ་ཡིན། ༧གོང་ས་མཆོག་གིས།
2019.01.24
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནི་གནའ་བོའི་ཤེས་ཡོན་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ཟུང་འབྲེལ་བྱས་ནས་སེམས་ཀྱི་ཞི་བདེ་བསྐྲུན་ཐུབ་མཁན་གྱི་རྒྱལ་ཁབ་ཁོ་ན་དེ་ཡིན་ཞེས་གསུངས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་དང་པོའི་ཚེས་༢༤ ཉིན་བཞུགས་སྒར་རྡ་རམ་ས་ལར་རྒྱ་གར་བ་ན་གཞོན་བོད་དོན་ཉམས་ཞིབ་པའི་ཚོགས་འདུར་ཞུགས་མཁན་ཉམས་ཞིབ་པ་༢༢ ལ་ཆུ་ཚོད་གཅིག་ལྷག་ཙམ་རིང་མཇལ་མོལ་གནང་སྐབས། བོད་ཀྱི་དགེ་འདུན་པ་སྟོང་ཕྲག་བཅུ་ཙམ་གྱིས་རྒྱ་གར་གྱི་གནའ་བོའི་རིག་གནས་ལ་སློབ་གཉེར་དང་སྦྱང་བརྩོན་གནང་བཞིན་པ་དེས། རྒྱ་གར་གྱི་གནའ་བོའི་རིག་གནས་དེ་རྒྱ་གར་རང་གི་ནང་སླར་གསོའི་འབྱུང་རྒྱུའི་ལས་དོན་ལ་ལེགས་སྐྱེས་འབུལ་ཐུབ་རྒྱུ་ཡིན་པ་བཀའ་གནང་འདུག
སྤྱི་ནོར་༧གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནའ་རབས་ཀྱི་རིག་གཞུང་དེ་དེང་རབས་ཀྱི་སྤྱི་ཚོགས་ནང་ཕན་ཐོགས་ཆེན་པོ་ཡོད་པར་བརྟེན་ནས་རྒྱ་གར་ངོས་ནས་རང་ཉིད་ཀྱི་གནའ་རབས་རིག་གཞུང་གོང་འཕེལ་བྱེད་ཕྱོགས་ཐད་བསམ་ཞིབ་དགོས་པའི་དགོངས་འཆར་སྩལ་ཞིང་། རྒྱ་གར་ནི་གནའ་བོའི་ཤེས་ཡོན་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ཟུང་འབྲེལ་བྱས་ནས་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་ཆ་རྐྱེན་ཡོད་པའི་རྒྱལ་ཁབ་གཅིག་པུ་དེ་ཡིན་པ་བཀའ་གནང་ཡོད་པ་རེད།
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནའ་བོའི་ཤེས་རིག་གམ་ལེགས་བཤད་དེ་དག་དར་རྒྱས་ཆེན་པོ་བྱུང་བ་དེ་དག་ཉམས་ཆགས་ཆེན་པོ་ཕྱིན་པར་མ་ཟད། ་དུས་ཀྱི་འཕོ་བསྒྱུར་གྱིས་རྐྱེན་པས་ཧ་ལམ་དགོས་མེད་ལྟ་བུར་གནས་ཡོད་པ་དེ་དག་ཉམས་གསོ་བྱ་རྒྱུར་གནའ་བོའི་རྒྱ་གར་གྱི་ནང་དོན་རིག་པའི་ཐོག་ལེགས་བཤད་འདི་དག་བདག་གཅེས་བྱེད་མཁན་བོད་པ་ཚོས་ལེགས་སྐྱེས་ཕུལ་ཐུབ་ཡོང་རྒྱུ་ཡིན་པ་བཀའ་གནང་འདུག