གཅིག་གྱུར་གྱི་འདུ་ཤེས་བཟུང་ན་རྒྱ་དཀར་ནག་གཉིས་ལ་ཞི་བདེ་བསྐྲུན་རྒྱུའི་ནུས་པ་ཡོད། ༧གོང་ས་མཆོག་གིས།

2020-06-26
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ནོར་༧གོང་ས་མཆོག་གིས་རྒྱ་གར་གྱི་ཨེ་མི་ཊི་(Amity)་གཙུག་ལག་སློབ་ཆེན་གྱི་དགེ་ལས་སློབ་ཕྲུག་ཚོར་བཀའ་སློབ་སྩལ་སྐབས། ༢༠༢༠།༦།༢༦
སྤྱི་ནོར་༧གོང་ས་མཆོག་གིས་རྒྱ་གར་གྱི་ཨེ་མི་ཊི་(Amity)་གཙུག་ལག་སློབ་ཆེན་གྱི་དགེ་ལས་སློབ་ཕྲུག་ཚོར་བཀའ་སློབ་སྩལ་སྐབས། ༢༠༢༠།༦།༢༦
OHHDL

འཛམ་གླིང་ནང་མི་འབོར་མང་ཤོས་རྒྱལ་ཁབ་གཉིས་ཏེ་རྒྱ་གར་དང་རྒྱ་ནག་གཉིས་ལ་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་ནུས་པ་ཡོད་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བསྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་༢༦་ཉིན་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད། རྒྱ་གར་བྱང་ཕྱོགས་ཧ་རི་ཡ་ན་མངའ་སྡེའི་གྲོང་ཁྱེར་གྷུར་གྷའོན་ནང་གི་ཨེ་མི་ཊི་(Amity)་གཙུག་ལག་སློབ་ཆེན་གྱི་དགེ་ལས་སློབ་ཕྲུག་ཚོར་སྙིང་རྗེ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་སྐབས། འཛམ་གླིང་འདིའི་ནང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཏེ་རྒྱ་གར་དང་རྒྱ་ནག་གཉིས་ལ་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་ནུས་པ་ཡོད་པ་བཀའ་གནང་འདུག དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་ཆར་རྒྱ་ནག་ནི་གཅིག་བསྡུས་དབང་འོག་སྨྲ་བརྗོད་ཀྱི་རང་དབང་དང་། གསར་འགོད་རང་དབང་མེད་པ་རེད། ཡིན་ནའང་ལམ་ལུགས་འདིར་འགྱུར་བ་འགྲོ་རྒྱུ་ཡིན་ལ། ཆབ་སྲིད་ཚོགས་པ་དང་གཞུང་དེར་ཡང་འགྱུར་བ་འགྲོ་གི་རེད། འོན་ཀྱང་མི་མང་མུ་མཐུད་དུ་གནས་ཀྱི་རེད་ཅེས་བཀའ་གནང་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་ཕྱོགས་ནས་ངོས་ལ་སྐྱོན་བརྗོད་བྱེད་མིན་མ་བལྟོས་པར་མི་དམངས་ཀྱི་ངོས་ནས་ང་ལ་དགའ་མོས་དང་། ངའི་ཆོས་འབྲེལ་ལ་དགའ་མོས་བྱེད་མཁན་མང་པོ་ཡོད་པ་བཀའ་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངོས་ནས་དཔལ་ཎ་ལན་ཊའི་ཆོས་བརྒྱུད་སློབ་གཉེར་ཐོག་གཙོ་བོ་གཞན་ཕན་གྱི་བློ་དང་བྱམས་སྙིང་རྗེ་ཉམས་ལེན་གནང་གི་ཡོད་ཅེས་དང་། དེང་གི་འཛམ་གླིང་ནང་དཀའ་ངལ་ཚང་མ་རང་གཅེས་འཛིན་གྱི་བསམ་བློའི་ཐོག་ནས་ཡོང་གི་ཡོད་སྟབས་རང་གཅེས་འཛིན་དེ་ཉུང་དུ་བཏང་ནས་གཞན་གཅེས་འཛིན་བློ་གོང་འཕེལ་གྱིས་འཛམ་གླིང་ནང་གི་མི་འབོར་ཐེར་འབུམ་བདུན་དེ་ནང་མི་གཅིག་གི་འདུ་ཤེས་འཛིན་ཐུབ་པ་ཞིག་བྱུང་ན་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་སྐྲུན་ཐུབ་ཀྱི་རེད་ཅེས་བཀའ་གནང་སོང་།
དེ་ནས་སློབ་ཕྲུག་ཞིག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། དེང་གི་འཛམ་གླིང་ནང་མི་ཉམས་ཆུང་དང་སེམས་བཟང་པོ་ཅན་དེ་ཚོར་མི་ངན་པ་དེ་ཚོ་ལས་དཀའ་ངལ་མང་བ་འཕྲད་ཀྱི་ཡོད་པའི་རྒྱུ་མཚན་བཀའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས་གནས་ཚུལ་དེ་རིགས་ཕྱི་དངོས་པོའི་རིན་ཐང་མ་གཏོགས་ནང་སེམས་ཀྱི་ཞི་བདེའི་རིན་ཐང་ལ་མཐོང་མི་བཞག་མཁན་གྱི་སྤྱི་ཚོགས་ནང་ཡོང་གི་ཡོད་པ་རེད། དེར་བརྟེན་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་གསུངས་པའི་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་ཆེད་དུ་གནོད་ཚབས་ཆེ་བའི་སེམས་མྱོང་ལ་གདོང་ལེན་བྱེད་ཕྱོགས་དང་། ཕན་ཡོན་ཅན་གྱི་སེམས་མྱོང་དེ་གོང་འཕེལ་གཏོང་ཕྱོགས་དེ་དག་གིས་ཕན་ཐོགས་འབྱུང་རྒྱུ་ཡིན་པ་ངོས་ལ་ཡིད་ཆེས་གཙང་མ་ཡོད། དེ་སོང་ཙང་རྒྱ་གར་གྱི་ཤེས་ཡོན་ནང་དེང་དུས་ཤེས་ཡོན་དང་མཉམ་དུ། སྲོན་རྒྱུན་ནང་སེམས་ཀྱི་ཤེས་ཡོན་ཟུང་འབྲེལ་བྱས་ནས་སྤྲོད་རྒྱུར་རྒྱ་གར་གྱིས་ཤུགས་རྒྱག་དགོས་པ་བཀའ་གནང་སོང་།
དེ་ནས་ཨེ་མི་ཊི་གཙུག་ལག་སློབ་ཆེན་གྱི་ངེས་སྟོན་པས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་འབད་བརྩོན་ཞུ་རྒྱུ་དང་། ༧གོང་ས་མཆོག་སྐུ་ཁམས་གསལ་བཞུགས་ཡིན་པར་ཧ་ལས་པས་དགའ་ཚོར་ཆེན་པོ་བྱུང་བ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱ་ལྷག་བཞུགས་རོགས་ཞེས་དད་གུས་ཆེན་པོས་གསོལ་འདེབས་དང་བསྒྲགས་བཀྲིན་ཆེ་ཞེས་ཞུས་གནང་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།