༸གོང་ས་མཆོག་ནས་རྒས་གཅོང་༦༠ལྷག་ལ་བཀའ་སློབ།

2015-12-29
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་མཆོག་ནས་རྒས་གཅོང་༦༠ལྷག་ལ་བཀའ་སློབ།
༸གོང་ས་མཆོག་ནས་རྒས་གཅོང་༦༠ལྷག་ལ་བཀའ་སློབ།
དགའ་ལྡན་ཕོ་བྲང་།

༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༢༨ཉིན་གྱི་སྔ་དྲོར་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་དབུ་འཛུགས་མ་མཛད་གོང་བྱེས་ཀྱི་བཀྲིས་ལྷུན་པོའི་འདུ་ཁང་ནང་བདེ་སྐྱིད་སླར་གསོ་དང་ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་ཁོངས་ཀྱི་རྒས་གཅོང་༦༠ལྷག་ལ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་འདུག ༧གོང་ས་མཆོག་གིས་རྒས་གཅོང་རྣམས་ལ་བཀའ་སློབ་བསྩལ་དོན། ཁྱེད་བགྲེས་སོང་རྣམས་མི་ཚེ་རྫོགས་ལ་ཉེ་བར་སླེབས་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱང་དགུང་གྲངས་༨༠ཕེབས་སྐབས་སྐུ་མྱ་ངན་ལས་འདས་པ་རེད་ལ་མཐའ་ན་དཔལ་མགོན་འཕགས་པ་ཀླུ་གྲུབ་མཆོག་ཀྱང་མཐའ་མ་མྱ་ངན་ལས་འདས་པ་རེད། དོན་གནད་གལ་ཆེ་ཤོས་དེ་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཡོད་མེད་རེད། ཁྱེད་རྣམས་ཀྱིས་ཆུང་དུས་ནས་དཀོན་མཆོག་གསུམ་ལ་སྐྱབས་གནས་བཅོལ་ནས་གསོལ་བ་སྨོན་ལམ་བཏབ་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་གང་གནང་བ་དེར་དོ་སྣང་བྱེད་དགོས། ཐོག་མར་སངས་རྒྱས་བཅོམ་ལྡན་འདས་ཀྱང་ང་ཚོ་དང་གཅིག་མཚུངས་ཡིན་ནའི་ཁོང་གིས་ཆོས་ཉམས་ལེན་དང་འབད་བརྩོན་གནང་སྟབས་མཐའ་མ་ཁོང་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད། ཁྱེད་རྣམས་ནས་སྐྱེ་བ་ཕྱི་མ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་དང་འཕྲད་པའི་སྨོན་ལམ་རྒྱབ་དགོས། ཁྱེད་རང་ཚོ་འཆི་བའི་དུས་དངོས་སུ་སླེབས་པའི་མཐའ་མའི་དུས་དེར་བཟང་ཕྱོགས་ཀྱི་བསམ་བློ་གཏོང་དགོས། མ་འོངས་པའི་སྐོར་ལ་བཟང་ཕྱོགས་ཀྱི་བསམ་བློ་གཏོང་དགོས་སྐོར་སོགས་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་འདུག ༧གོང་ས་མཆོག་གིས་རྒས་གཅོང་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་རྗེས་སུ་དད་ལྡན་མང་ཚོགས་ལ་འདས་པའི་ལོ་གསུམ་རིང་བྱེས་ཀྱི་གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་གྱི་ནང་ལམ་རིམ་ཁྲི་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་གནང་བ་དང་ད་ལོ་བྱེས་ཀྱི་བཀྲིས་ལྷུན་པོའི་དགོན་པའི་ནང་ཉིན་གྲངས་དགུའི་རིང་གསུང་ཆོས་འཕྲོ་སྐྱོང་མཛད་ནས་ཕྱི་ཚེས་༢༨་ཉིན་ལམ་རིམ་ཁྲི་ཆེན་བཅོ་བརྒྱད་ཀྱི་གསུངས་ཆོས་ལེགས་གྲུབ་ཟིན་པ་དང་འབྲེལ་༧གོང་ས་མཆོག་གིས་དད་ལྡན་མང་ཚོགས་ལ་དགེ་བསྙེན་གྱི་སྡོམ་པ་དང་བྱང་ཆུབ་སེམས་པའི་སྡོམ་པ་བསྩལ་གནང་མཛད་འདུག ཕྱི་ཚེས་༢༩ཉིན་༧གོང་ས་མཆོག་གིས་གདན་ས་ཁག་གི་དཔེ་ཁྲིད་དགེ་རྒན་རྣམ་པ་དང་ཕྱི་རྒྱལ་ཆོས་ཞུ་བ་ཚོར་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།