༧གོང་ས་མཆོག་གིས་ཀོ་རི་ཡའི་དད་ལྡན་པ་ཚོར་བྱམས་བརྩེ་དང་འཚེ་མེད་ཞི་བའི་སྐོར་བཀའ་སློབ་བསྩལ།

2021.08.18
Share on WhatsApp
Share on WhatsApp
༧གོང་ས་མཆོག་གིས་ཀོ་རི་ཡའི་དད་ལྡན་པ་ཚོར་བྱམས་བརྩེ་དང་འཚེ་མེད་ཞི་བའི་སྐོར་བཀའ་སློབ་བསྩལ། ༧གོང་ས་མཆོག་གིས་ཀོ་རི་ཡའི་དད་ལྡན་པ་ཚོར་བྱམས་བརྩེ་དང་འཚེ་མེད་ཞི་བའི་སྐོར་བཀའ་སློབ་བསྩལ་སྐབས། ༨།༡༨།༢༡
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡའི་ནང་པ་ཚོས་བསླབ་པ་གསུམ་གྱི་ཉམས་ལེན་གང་ཐུབ་གནང་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡ་ནང་རྟེན་གཞི་བྱས་པའི་བསླབ་གསུམ་བཤད་སྒྲུབ་གླིང་ཆོས་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། འདི་ཚེས་༡༨་ཉིན་བཞུགས་སྒར་ཕོ་བྲང་ནས་ཀོ་རི་ཡའི་དད་ལྡན་ཆོས་བ་ཚོར་དྲ་ལམ་ཐད་གཏོང་བརྒྱུད་བྱམས་བརྩེ་དང་འཚེ་མེད་ཞི་བའི་སྐོར་བཀའ་སློབ་བསྩལ་སྐབས། ནང་ཆོས་ནི་འདོན་པ་འདོན་པ་དང་སྨོན་ལམ་རྒྱག་པ་ཙམ་མིན་པར་ཤེས་རབ་ཀྱི་རྣམ་དཔྱོད་བེད་སྤྱོད་བྱེད་པའི་སྒོ་ནས་སེམས་ལ་འགྱུར་བ་ཐེབས་པ་ཞིག་དགོས་པ་དང་། དེ་ཡང་གཙོ་བོ་ཐབས་ཤེས་ཟུང་འབྲེལ་གྱི་ཐོག་ནས་སྙིང་རྗེ་རྩ་བར་བཞག་པའི་ཐོག་ནས་ཉམས་ལེན་ཚུལ་དང་ལྡན་པ་བྱེད་ཚེ་སེམས་གཏིང་ནས་ངེས་པ་རྙེད་ཐུབ་པ་ཞིག་ཡོང་རྒྱུ་ཡིན་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་སྒེར་གྱི་ངོས་ནས་དེ་ལྟར་ཕྱག་བཞེས་གནང་པ་དང་ཐུགས་མྱོང་དཔེ་མཚོན་དུ་འགོད་གནང་གིས་བཀའ་སྩལ་ཡོད་པ་རེད།
སྐབས་དེར་ཆོས་ཞུ་བ་སང་པོ་ཚོང་ལས་ཁང་གི་ངེས་སྟོན་པ་ཆོ་ཀུམ་སིག་ལགས་ཀྱིས་༧གོང་ས་མཆོག་ཀོ་རི་ཡ་ནང་ཆིབས་བསྒྱུར་གནང་ཐུབ་པའི་རེ་བ་ཡོད་སྐོར་ཞུས་པ་དང་སྦྲགས་ཕ་མས་རྩུབ་སྤྱོད་བྱས་པའི་དབང་གིས་ཕྲུ་གུས་ཕ་མར་ཁོང་ཁྲོ་ལངས་པའི་སྐབས་གདོང་ལེན་བྱེད་ཕྱོགས་ཐད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་ཀྱང་ཀོ་རི་ཡར་ཕེབས་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་བཀའ་གནང་བ་དང་། ཕ་མ་དང་ཕྲུ་གུ་ཚོས་སྤྱོད་འཇུག་ལེའུ་དྲུག་པའི་ནང་ཁོང་ཁྲོའི་ཉེས་དམིགས་དང་ལེའུ་བརྒྱད་པའི་ནང་རང་གཅེས་འཛིན་གྱི་སྐྱོན་སྐོར་འགྲེལ་བཤད་ཡག་པོ་ཡོད་སྟབས་དེའི་ཐོག་སློབ་སྦྱོང་བྱེད་གལ་ཆེ་བ་བཀའ་སྩལ་གནང་སོང་།
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཚོགས་ཀྱི་མིང་ལ་བསླབ་གསུམ་ཤེས་སྒྲུབ་ཞེས་གནང་དགོས་དོན་དེ་ཡང་བསླབ་པ་ཉམས་ལེན་ཡག་པོ་བྱེད་རྒྱུའི་རེ་བ་ལྟར་བཏགས་པ་དང་། བསླབ་གསུམ་བཤད་སྒྲུབ་གླིང་གི་མཁན་པོ་དགའ་བྱང་དགེ་བཤེས་བསྟན་འཛིན་ནམ་མཁའ་ལགས་ཀྱི་གཙོས་ཚང་མས་ཧུར་སྐྱེད་གནང་དགོས་པ་དང་ཚེ་རབས་ནས་ཚེ་རབས་རྗེས་སུ་འདྲེན་རྒྱུ་ཡིན་པ་བཀའ་སྩལ་གནང་སོང་།
ད་རེས་ཀོ་རི་ཡ་ཆོས་ཞུ་བར་དྲ་ལམ་ཐད་གཏོང་གྱི་མཛད་རིམ་ཐོག་བསླབ་གསུམ་བཤད་སྒྲུབ་གླིང་གི་ཆོས་ཚོགས་ཀྱི་ཚོགས་མི་དང་། གཞན་ཡང་ཚོང་ལས་པ་དང་སྒྱུ་རྩལ་བ་སོགས་གྲགས་ཅན་མི་སྣ་ཁག་ཅིག་ཀྱང་མཉམ་ཞུགས་གནང་འདུག
ཆོས་ཚོགས་དེའི་དགེ་རྒན་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་བཤེས་བསྟན་འཛིན་ནམ་མཁའ་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པ་ལྟར་ནང་པའི་ཚན་རིག་ཀུན་བཏུས་ཀྱི་པོད་དང་པོ་དེ་ཆཚང་ཀོ་རི་ཡའི་ནང་ཡིག་བསྒྱུར་དང་དཔར་བསྐྲུན་ཟིན་དེ། དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་ཁག་ཏུ་འགྲེམ་སྤེལ་ཟིན་པ་སྙན་སེང་ཞུས་གནང་ཡོད་པ་རེད།

གསར་འགོད་པ། ཨྱོན་བསྟན་འཛིན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་རྒྱ་ནག་ཐད་ལངས་ཕྱོགས་འཛིན་སྟངས་ལ་ཕྱོགས་འགལ་ཚོགས་པས་སྐྱོན་བརྗོད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎