སྤྱི་ནོར་༧གོང་ས་མཆོག་གིས་ཀོ་རི་ཡའི་དད་ལྡན་པ་ཚོར་ཉིན་གསུམ་གྱི་ཆོས་འབྲེལ་མཇུག་སྒྲིལ།

2021.01.07
སྤྱི་ནོར་༧གོང་ས་མཆོག་གིས་ཀོ་རི་ཡའི་དད་ལྡན་པ་ཚོར་ཉིན་གསུམ་གྱི་ཆོས་འབྲེལ་མཇུག་སྒྲིལ། སྤྱི་ནོར་༧གོང་ས་མཆོག་གིས་ཀོ་རི་ཡའི་དད་ལྡན་པ་ཚོར་ཤེས་རབ་སྙིང་པོའི་བཀའ་ཆོས་ཉིན་མཐའ་མའི་སྐབས། ༢༠༢༡།༡།༧
OHHDL

ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་སུ་བླངས་ན་རང་གཞན་གཉིས་ཀར་ཕན་ཐོགས་ཡོད་པ་༧གོང་ས་མཆོག་གིས་བཀའ་སྩལ་ནས་ཀོ་རི་ཡའི་དད་ལྡན་པ་ཚོར་ཉིན་གསུམ་གྱི་ཆོས་འབྲེལ་མཇུག་སྒྲིལ་གནང་འདུག
ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་སུ་བླངས་ན་རང་གཞན་གཉིས་ཀར་ཕན་ཐོགས་ཡོད་པ་སྤྱི་ནོར་༧གོང་ས་མཆོག་གིས་བཀའ་སྩལ་ནས་ཀོ་རི་ཡའི་དད་ལྡན་པ་ཚོར་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བསྩལ་གནང་མཛད་ནས་ཉིན་གསུམ་གྱི་ཆོས་འབྲེལ་མཇུག་སྒྲིལ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། ཀོ་རི་ཡའི་ནང་པ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་འདི་ཚེས་༧རེས་གཟའ་ཕུར་བུའི་ཉིན་བཞུགས་སྒར་རྡ་རམ་སཱ་ལའི་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་ཐད་གཏོང་བརྒྱུད། ཤེས་རབ་སྙིང་པོའི་ཆོས་འབྲེལ་ཉིན་གསུམ་པའི་བཀའ་ཆོས་སྐབས། བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བསྩལ་གནང་མཛད་པ་དང་། ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་སུ་བླངས་བ་ཡིན་ན་རང་གཞན་གཉིས་ཀར་ཕན་ཐོགས་ཡོད་པ་བཀའ་སློབ་སྩལ་ཡོད་པ་རེད།
ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཀོ་རི་ཡའི་ཆོས་གྲོགས་ཚོས་ནང་པའི་གཞུང་ལུགས་དེ་དག་ལ་དད་པ་དང་། ཁ་ནས་སྐྱོར་བ་ཙམ་མིན་པར་སློབ་གཉེར་རྒྱ་ཆེར་བྱས་ཏེ་རིག་པའི་ལམ་ནས་དཔྱད་པ་བྱ་དགོས་གལ་ཆེ་ཞིང་། ལྷག་པར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་དེ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་ཟེར་བ་གཅིག་པུ་མིན་པར་རིག་པའི་ལམ་ནས་གཏན་ལ་ཕབ་པའི་གཞུང་ལུགས་ཤིག་ཡིན་པས་ཚང་མས་ངེས་པར་དུ་སེམས་ལ་ངེས་ཏེ་སློབ་གཉེར་བྱ་དགོས་ཅེས་དང་། རྒྱུན་དུ་བཟོད་པ་ཉམས་ལེན་བྱས་པའི་ཕན་ཡོན་དང་ཁོང་ཁྲོའི་ཉེས་དམིགས་སོགས་ཀྱི་ཐད་བསམ་བློ་གཏོང་ཐུབ་མཁན་གྱི་མི་དེར་དཀའ་ངལ་ཡང་ཉུང་བ་འཕྲད་ཀྱི་ཡོད། དེར་བརྟེན། དེ་འབྲེལ་བློ་སྦྱངས་པར་སྤྱོད་འཇུག་གི་དཔེ་ཆ་དེ་ཡག་ཤོས་གྲས་ཤིག་ཡིན་པ་བཀའ་གནང་སོང་།
སྐབས་དེར་ཀོ་རི་ཡའི་ནང་རྟེན་གཞི་བྱས་པའི་(Buddhist Television Network) འམ་ནང་པའི་བརྙན་འཕྲིན་བརྒྱུད་ལམ་ཚོགས་པའི་ཚོགས་མི་ཞིག་གིས། ཀོཝིཌ་༡༩ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་བའི་དུས་འདིར་ང་ཚོས་དེར་གདོང་ལེན་ཇི་ལྟར་གནང་དགོས་པའི་སྐོར་བཀའ་འདྲི་དགོངས་སྐོར་ཞུ་སྐབས། ༧གོང་ས་མཆོག་གིས་ནད་ཡམས་དེ་ཡོང་བའི་སྐབས་གཙོ་བོ་སེམས་ལྷོད་ལྷོད་ངང་གནས་རྒྱུ་དང་། འཕྲོད་བསྟེན་ཡག་པོ་གནང་དགོས་གལ་ཆེ་ཞིང་། ལྷག་པར་ལྡོག་ཐབས་མེད་པའི་གནས་ཚུལ་རིག་ལྷག་པའི་སྐབས་དངངས་སྐྲག་དང་སེམས་མ་སྐྱིད་པ་བྱས་ནས་བསྡད་ན་ཕན་ཐོགས་གང་ཡང་མེད་པར་ལུས་སེམས་བདེ་ཐང་ཡོང་བར་འགོག་རྐྱེན་འཕྲད་ངེས་ཡིན་པ་བཀའ་གནང་ཡོད།
མཇུག་མཐར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཀོ་རི་ཡའི་ཆོས་གྲོགས་ཚོ་དང་ང་ཚོའི་བར་འབྲེལ་བ་བྱུང་ནས་ལོ་ངོ་མང་པོ་ཕྱིན་པ་རེད། ནད་ཡམས་ཀྱི་རྐྱེན་གྱིས་ད་ཐེངས་ང་ཚོ་དངོས་སུ་ཐུག་འཕྲད་བྱུང་མེད་ཀྱང་། གང་ལྟར་གཙོ་བོ་སེམས་ལ་འགྱུར་བ་གཏོང་རྒྱུ་དང་སེམས་ཀྱི་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན་པས། འབྱུང་འགྱུར་ང་ཚོ་མུ་མཐུད་དུ་དྲ་རྒྱའི་ལམ་ནས་འབྲེལ་བ་བྱེད་ཆོག་གི་རེད། བློ་བདེ་པོ་ངང་ནས་བཞུགས་ཅེས་བཀའ་གནང་སོང་།
ཐེངས་འདིའི་ཉིན་གསུམ་གྱི་བཀའ་ཆོས་དེ་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་སྐད་དང་། དབྱིན་སྐད། རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎