རང་དབང་ལྡན་པའི་སྤྱི་ཚོགས་ནང་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐུབ། ༸གོང་ས་མཆོག་གིས།

2022.09.22
Share on WhatsApp
Share on WhatsApp
རང་དབང་ལྡན་པའི་སྤྱི་ཚོགས་ནང་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐུབ། ༸གོང་ས་མཆོག་གིས། ༸གོང་ས་མཆོག་གིས་ཨ་རིའི་ཞི་བདེ་ལྟེ་གནས་ཁང་གི་གཞོན་སྐྱེས་ཚོར་བཀའ་སློབ་གནང་བཞིན་པ། ༢༠༢༢།༠༩།༢༢
OHHDL

དེང་སྐབས་འཛམ་གླིང་དཀྱིལ་ཤར་མངའ་ཁུལ་དང་ཨ་ཧྥི་རི་ཀ། དེ་བཞིན་ལྷོ་ཤར་ཨེ་ཤེ་ཡ་སོགས་ཀྱི་ནང་དམག་འཁྲུག་དང་རྩོད་རྙོག་སོགས་ཀྱི་དབང་གིས་བུད་མེད་དང་བྱིས་པ་གཙོ་བོར་གྱུར་བའི་མང་ཚོགས་རྣམས་ལ་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད་ཅིང་། སྤྱི་ཟླ་༩ པའི་ཚེས་༢༢ ཉིན་གྱི་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྩོད་རྙོག་གི་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་ ༡༢ ནས་ཞི་བདེ་དང་འབྲེལ་བའི་ལས་དོན་སྤེལ་མཁན་གཞོན་སྐྱེས་ ༢༦ དང་ལྷན་དུ་སོ་སོའི་མི་ཚེའི་ལོ་རྒྱུས་དང་མྱོང་ཚོར་belongingཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་གཞོན་སྐྱེས་ཚོས་སོ་སོར་འཕྲད་པའི་དཀའ་སྡུག་རྣམས་རེ་རེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་པའི་རྗེས། མགོན་པོ་གང་ཉིད་མཆོག་ནས་བླང་དོར་བཀའ་སློབ་གནང་དོན།

འཛམ་གླིང་འདིའི་ནང་འགྲོ་བ་མི་ཐེར་འབུམ་༧ཙམ་ཡོད་པ་ཚང་མ་གཅེན་གཅུང་གི་འདུ་ཤེས་ཡོད་པའི་སྒོ་ནས་གཅིག་མཚུངས་ཡིན་པ་མ་ཟད། གོ་ལ་འདིའི་ནང་ང་ཚོ་ཚང་མ་མཉམ་དུ་གནས་དགོས་ངེས་ཡིན། དེར་བརྟེན། འགྲོ་བ་མི་སྤྱི་ཡོངས་ལ་མཐར་ཐུག་གི་བདེ་སྐྱིད་ནི་ནང་སེམས་ཞི་བདེ་དང་འགྲོ་བོ་མི་གཅིག་གྱུར་གྱི་འདུ་ཤེས་ཀྱི་ཐོག་ནས་ཡོང་གི་ཡོད་ལ། དེ་ཡང་རང་དབང་ལྡན་པའི་སྤྱི་ཚོགས་ནི་ཞི་བདེ་དང་བདེ་སྐྱིད་སོགས་ཀྱི་བྱུང་ཁུངས་ལྟ་བུ་ཆགས་ཡོད་ཅེས་དང་། ང་ཚོ་སྐྱེས་པའི་སྐབས་ཨ་མའི་བྱམས་བརྩེ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་པ་བཞིན། འཆི་བའི་སྐབས་སུ་ཡང་སོ་སོའི་ཉེ་འཁོར་གྱི་མི་རྣམས་ཀྱིས་བྱམས་བརྩེ་སོགས་ཉམས་ལེན་བྱས་པ་ཡིན་ཚེ། འཆི་མཁན་དེ་ཡང་ལྷོད་ལྷོད་ཡོང་གི་རེད་ཅེས་བཀའ་གནང་སོང་།

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བྱམས་བརྩེའི་གལ་གནད་སྐོར་བཀའ་སློབ་སྩལ་དོན། འབྱུང་འགྱུར་ལོ་༡༥-༢༠ ཙམ་ཞིག་ངོས་མུ་མཐུད་འཚོ་གནས་བྱ་རྒྱུ་ཡིན་པ་ནི་བརྗོད་མི་དགོས་པ་ཞིག་རེད། འོན་ཀྱང་། ངོས་ཀྱི་འཆི་སའི་གནས་དེ་ཡང་རྒྱ་གར་ཡིན་པའི་རེ་བ་བྱེད་ཀྱི་ཡོད། རྒྱུ་མཚན་ནི། རྒྱ་གར་ནང་རང་དབང་ལྡན་ཞིང་། གུ་ཡངས་ཡོད་པའི་ཁར་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན། དེར་བརྟེན། འཆི་བའི་སྐབས་སུ་སོ་སོའི་མཐའ་འཁོར་དུ་བྱམས་བརྩེ་དང་བཅོས་མིན་གྱི་བརྩེ་བ་སྤྲོད་མཁན་རིགས་ཡོད་ན། དེ་བས་ཞི་བདེ་ངང་འགྲོ་ཆོག་གི་རེད། དེ་མིན། ངོས་འཆི་བའི་སྐབས། མཐའ་འཁོར་དུ་རྒྱ་ནག་གི་དཔོན་རིགས་རྐྱང་རྐྱང་ཡིན་ན། མ་ཡིན་ཡིན་མདོག་དང་བཅོས་མའི་རང་བཞིན་ཐོག་ནས་འགྲོ་རྒྱུ་དེ་རེད་ཅེས་ཆོབ་དང་སྦྲགས་བཀའ་གནང་སོང་།

སྐབས་དེར་Somalia རྒྱལ་ཁབ་ནང་ཞི་བདེ་གོང་འཕེལ་དང་འབྲེལ་བའི་ལས་དོན་སྤེལ་མཁན་ན་གཞོན་Mohamed Okash ལགས་ཀྱིས། ལོ་ ༢༠ གོང་གི་མཚན་མོ་ཞིག་ལ་ང་རང་ཁྱིམ་དུ་ཕྱིར་ལོག་བྱེད་པའི་སྐབས། རྒྱང་རིང་ཞིག་ནས་ལག་ཏུ་མེ་མདའ་ཡོད་པའི་མི་གཉིས་མཐོང་སོང་བས། ངས་ཉེན་ཁར་མ་འཛེམས་པར། ཁོང་གཉིས་ཀྱི་ཉེ་འགྲམ་དུ་ཕྱིན་པར། མི་གཅིག་ནི་དེ་སྔོན་ངའི་འཛིན་གྲོགས་ཤིག་རེད་འདུག འཕྲད་མ་ཐག་ཏུ་ང་བློ་བུར་དུ་ཧང་སང་དགོས་བྱུང་། ཡིན་ནའང་། སྐབས་དེར་ང་བདེ་ཐང་ངང་རང་ཁྱིམ་དུ་ཕྱིར་ལོག་ཐུབ་སོང་། དེ་ནས་ངས་བསམ་བློ་རིམ་པ་བཏང་བའི་རྗེས། གཞོན་སྐྱེས་ཚོས་འདི་ལྟ་བུའི་དྲག་སྤྱོད་རིགས་སྤེལ་བ་ཡིན་ན། འབྱུང་འགྱུར་འཛམ་གླིང་ཞི་བདེ་ལ་ཉེན་ཁ་ཆེ་བའི་ཁར། རང་བཞིན་གྱིས་བེད་མེད་དུ་འགྲོ་ཡི་ཡོད་པ་མཐོང་སྟེ། ང་རང་དགེ་རྒན་བྱ་རྒྱུ་ཐག་གཅོད་བྱས་པ་ཡིན། ད་ལྟའི་ཆར་གཞོན་སྐྱེས་ཚོར་ཚོང་ལས་དང་ལས་ཀའི་གོ་སྐབས་སོགས་ཀྱི་སྐོར་སློབ་ཁྲིད་བྱེད་ཀྱི་ཡོད་ཅེས་༸གོང་ས་མཆོག་ལ་སྙན་སེང་དང་སྦྲགས། ངོ་སྤྲོད་ཞུས་གནང་སོང་།

ཡང་སྐབས་དེར་Syriaརྒྱལ་ཁབ་ནས་ཡིན་པའི་ཞི་བདེ་གོང་འཕེལ་དང་འབྲེལ་བའི་ཕྱག་ལས་གནང་མཁན་Ruby Haji Naif ལགས་ཀྱིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་འགོ་ཁྲིད་ཞེས་པ་དེ་གང་འདྲ་ཞིག་ལ་གོ་བ་ལེན་གྱི་ཡོད་དམ་ཞེས་བཀའ་འདྲི་ཞུ་སྐབས། ༧གོང་ས་མཆོག་ནས་ལྟ་གྲུབ་གྱི་ཐོག་ནས་བཤད་ན་མང་གཙོའི་ལམ་སྲོལ་དེ་ཡག་ཤོས་གྲས་ཤིག་ཡིན། རྒྱུ་མཚན་ནི། འགོ་ཁྲིད་ཚོ་འོས་བསྡུའི་ལམ་ནས་འདེམས་ཀྱི་ཡོད། ལྷག་དོན་དེའི་ནང་འགོ་ཁྲིད་གང་འདྲ་ཞིག་སླེབས་མིན་དེ་ཡང་མི་མང་གི་བསམ་བློ་དང་ཤེས་ཡོན་གྱི་གནས་ཚད་ལ་རག་ལས་ཡོད་ཅེས་བཀའ་གནང་སོང་།

གཞི་རྩའི་ཨ་མི་རི་ཀར་རྟེན་གཞི་བྱས་པའི་ཞི་བདེའི་ལྟེ་གནས་ཁང་United States Institute of Peaceགིས་གོ་སྒྲིག་འོག སྤྱི་ལོ་༢༠༡༦་ལོར་བཞུགས་སྒར་དུ་བགྲོ་གླེང་ལྷན་ཚོགས་དེ་བཞིན་ཐོག་མར་དབུ་འཛུགས་གནང་བ་ཞིག་ཡིན་ཞིང་། ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཞི་བདེ་གོང་འཕེལ་ཐོག་ལས་དོན་སྤེལ་མཁན་ན་གཞོན་ཚོའི་དབར་བགྲོ་གླེང་དེ་ནི་ཐེངས་༧པ་དེ་ཆགས་ཀྱི་ཡོད་པ་མ་ཟད། ད་བར་འཛམ་གླིང་གི་རྒྱལ་ཁབ་༡༩ཙམ་ནས་གཞོན་སྐྱེས་༡༠༠ལྷག་བགྲོ་གླེང་ལྷན་ཚོགས་འདིའི་ཐོག་མཉམ་ཞུགས་གནང་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆབ་སྲིད་བཙོན་ཟུར་དགའ་ཤར་ལྷོ་པ་དགེ་བཤེས་ཕུན་ཚོགས་དར་རྒྱས་ལགས་དགོངས་པ་རྫོགས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎