རང་ལུས་མེར་སྲེག་གནང་མཁན་རྡོ་རྗེ་ལགས་ཀྱི་འདྲ་པར་ངོ་ཐག་ཆོད་འདུག
2019.05.22

དེ་སྔ་སྤྱི་ལོ་༢༠༡༢་ལོར་མདོ་སྨད་རྔ་བ་ནས་རང་ལུས་མེར་སྲེག་གནང་མཁན་རྡོ་རྗེ་ལགས་ཀྱི་འདྲ་པར་ངོ་ཐག་ཆོད་ནས་ཕྱི་ཕྱོགས་སུ་འབྱོར་འདུག
ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༣ ནང་མདོ་སྨད་རྔ་བ་རྫོང་ཁོངས་ནས་རང་ལུས་མེར་བསྲེགས་གནང་མཁན་རྡོ་རྗེ་ལགས་ཀྱི་འདྲ་པར་སྐབས་དེར་རྒྱ་ནག་གཞུང་གི་དམ་དྲག་འོག་ཕྱི་ལ་འབྱོར་མེད་ཀྱང་། མི་ལོ་བརྒྱད་ཙམ་གྱི་རྗེས་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་རྣམ་པས་ཁོང་གི་འདྲ་པར་ངོ་ཐག་ཆོད་ནས་ཕྱི་ལ་འབྱོར་ཡོད་པ་གསར་འགྱུར་བརྒྱུད་ལམ་ཁག་ལ་འགྲེམ་སྤེལ་གནང་ཡོད་པ་རེད།
རྡོ་རྗེ་ལགས་ཀྱིས་སྤྱི་ལོ་༢༠༡༢ཟླ་༣ཚེས་༥ཉིན། གཅའ་ཤང་གི་ཟམ་ཁར་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་གཅའ་ཞང་ཐོག་གི་རྒྱ་མིའི་ལས་ཁུངས་བར་གོམ་འགྲོས་གནང་སྐབས་མེ་ལྕེ་ཆེན་པོའི་ཁྲོད་སྐུ་གྲོངས་ཡོད་པ་དང་། ཁོང་ནི་སྤྱི་ལོ་༢༠༠༩་ལོ་ནས་ད་བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་༡༥༥་བྱུང་བའི་ཁྲོད་ཨང་༢༦་པ་ཡིན་པ་རེད།
ཁོང་སྐབས་དེར་ལོ་༡༨་ཡིན་པ་དང་། མདོ་སྨད་རྔ་བ་རྫོང་གཅའ་ཞང་གཅའ་རུ་བའི་གཤོག་སྨད་མའི་མགར་སྐྱ་ཚང་གི་བུ་དང་། ཕ་མིང་ལ་ཅཱ་ཅཱ་ཡིན་འདུག གཅའ་ཞང་ནི་རྔ་པ་རྫོང་ཐོག་ནས་ཤར་ཕྱོགས་སུ་སྤྱི་ལེ་ ༧༠ ཙམ་གྱི་སར་ཡོད་པ་དང་། དེང་སྐབས་རྒྱ་ནག་གིས་ས་བགོས་བྱེད་སྟངས་ལྟར་ན་འབྲོག་སྡེ་གཅའ་རུ་བ་དང་། རྭ་རུ་བ། ནག་ཚང་མ་བཅས་ཀྱི་ཞང་ཡིན་འདུག