རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོར་ཡང་བསྐྱར་ངོ་རྒོལ་ལས་འགུལ་སྤེལ་ན་འཛིན་བཟུང་བྱེད་རྒྱུའི་ཉེན་བརྡ་བཏང་འདུག

2023.01.31
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོར་ཡང་བསྐྱར་ངོ་རྒོལ་ལས་འགུལ་སྤེལ་ན་འཛིན་བཟུང་བྱེད་རྒྱུའི་ཉེན་བརྡ་བཏང་འདུག ཚེ་བཙོན་གྱི་ཁྲིམས་ཆད་འཁུར་བཞིན་པའི་རྡོ་རྗེ་བཀྲ་ཤིས་ལགས་གློད་བཀྲོལ་ཡོང་ཆེད་ཁོང་གི་གཅེན་མོ་མགོན་ཏེ་དང་གཅེན་པོ་བཅས་ཀྱིས་ངོ་རྒོལ་བྱེད་སྐབས། ༠༡།༣༡།༢༠༢༣
བོད་འབྱོར།/RFA

གོང་གི་གནས་ཚུལ་ཐད་རྒྱུས་མངའ་ཡོད་མཁན་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ༢༠༡༠ལོའི་ཕྱི་ཟླ་༦པའི་ཚེས་༢༦ཉིན་ལྷ་སའི་རྒྱ་ནག་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་བའི་ཁྲིམས་བཤེར་བྱས་པ་བརྒྱུད། ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་སུ་བུ་ལོན་སྔ་གཡར་དང་འབྲེལ་བའི་ངན་ཇུས་བཤམས་པའི་ཉེས་འཛུགས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས་གྲྭ་བཞི་བཙོན་ཁང་དུ་བཀག་སྟེ་ད་ཆ་མི་ལོ་བཅོ་ལྔ་ཙམ་འགྲོ་བཞིན་པའི་སྐབས་འདིར། རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་ཏེ་ལགས། ཁོ་མོའི་ཁྱོ་ག་ཆོས་སྐྱོང་ལགས་གསུམ་གྱིས་ཡང་བསྐྱར་ཟླ་བ་འདིའི་ཚེས་༣༡ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་ཁྲིམས་ཁང་གི་མདུན་དུ་ཡོངས་གྲགས་ཀྱི་ཐོག་ནས་རྡོ་རྗེ་བཀྲིས་གློད་བཀྲོལ་ཡོང་ཆེད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་མགོན་ཏེ་ལགས་དང་ཁོ་མོའི་བཟའ་ཟླ་ཆོས་སྐྱོང་གཉིས་རྒྱ་ནག་གི་ཉེན་རྟོག་པས་མངགས་གཏོང་ཁང་དུ་ཁྲིད་ནས་ཅུང་ཙམ་བཀག་ཉར་རྗེས་གློད་ཡོད་ཀྱང་། ཡང་བསྐྱར་ངོ་རྒོལ་ལས་འགུལ་སྤེལ་བ་ཡིན་ན་འཛིན་བཟུང་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག
ཉེ་ལམ་ཟླ་དང་པོའི་ཚེས་༡༣ཉིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་དྲ་ལམ་དུ་བརྙན་ཐུང་ཞིག་སྤེལ་བའི་ནང་། ཁོང་གིས་ཐེངས་མང་པོར་རང་གི་ནུ་བོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གྱོད་དོན་དེ་ཉེས་མེད་ལ་བསྙོན་འཛུགས་བྱས་པའི་སྐོར་དང་། དེ་བཞིན་བཙོན་ཁང་དུ་ཁོང་གི་ནུ་བོར་ཐུག་འཕྲད་ཆོག་པའི་རེ་སྐུལ་བྱས་པར་བཙོན་ཁང་གི་ཕྱོགས་ནས་ནད་ཡམས་ལ་ཁ་གཡར་ནས་ལོ་ལྔའི་རིང་ཁོང་ཚོ་དང་ཐུག་འཕྲད་བྱེད་དུ་བཅུག་མེད་པ་གསལ་སྟོན་བྱས་ཡོད་པ་རེད།

Dorjee tashi gonti (2).JPG
ཚོང་བ་རྡོ་རྗེ་བཀྲ་ཤིས་ལགས་ནི་མདོ་སྨད་མདོ་ལྷོ་བསང་ཆུ་རྫོང་བླ་བྲང་ས་དཀར་སྡེ་བ་ནས་ཡིན་ཞིང་། དེ་སྔ་ལྷ་སའི་གཡག་མགྲོན་ཁང་གི་བདག་པོ་ཡིན་པས། ཡོངས་གྲགས་སུ་གཡག་བཀྲ་ཤིས་ཞེས་ཀྱང་འབོད་ཀྱི་ཡོད། དེ་སྔོན་རྒྱ་ནག་གི་སྔོན་ཐོན་ཁེ་ལས་པའི་མཚན་སྙན་བྱ་དགའ་སྤྲོད་མྱོང་བ་ཞིག་ཡིན་ཡང་། ཕྱི་ལོ་༢༠༠༨ལོའི་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་སུ་ཁོང་འཛིན་བཟུང་གིས་ཐོག་མར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་དང་། རྗེས་སུ་བུ་ལོན་གཡོ་ལེན་བྱས་ཡོད་པར་བསྙད་འདོགས་ཀྱིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་ཁར། ཁོང་གི་རྒྱུ་ནོར་རྒྱ་སྒོར་དུང་ཕྱུར་༤༣ཙམ་གཞུང་བཞེས་བཏང་ཡོད་འདུག།


གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་དངོས་ཁག་ཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་བར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎