རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ཞིག་དྲག་སྤྱོད་པའི་ཉེས་འཛུགས་འོག་དབྱིན་ཇིའི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

2022.07.25
རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ཞིག་དྲག་སྤྱོད་པའི་ཉེས་འཛུགས་འོག་དབྱིན་ཇིའི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ལས་འགུལ་བ་(Drew pavlou)་ལགས་འཛིན་བཟུང་རྗེས། ༠༧།༢༢།༢༠༢༢
@DrewPavlou

ཉེ་ལམ་སྤྱི་ཟླ་༧པའི་ཚེས་༢༡ཉིན་ཨོསི་ཊརེ་ལི་ཡའི་མི་སེར་དང་། རྒྱ་ནག་གི་དམངས་གཙོ་དོན་གཉེར་བར་རྒྱབ་སྐྱོར་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ། ཡུ་གུར་དང་བོད། ཧོང་ཀོང་བཅས་ཀྱི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན། གཞོན་སྐྱེས་ལས་འགུལ་བ་ཌིརེའུ་ཕཱ་ཝུ་ལོ་(Drew pavlou)་ལགས། དབྱིན་ཡུལ་གྱི་ཉེན་རྟོག་པས་རྒྱ་ནག་གཞུང་ཚབ་ཀྱི་མདུན་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་གྱི་ཉེན་རྟོག་པས་ཁོང་ཚོ་ལ་(Drew pavlou)་ཡི་མིང་ཐོག་ནས། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་དྲག་གནོན་མཚམས་འཇོག་མ་བྱས་ན། གཞུང་ཚབ་གཏོར་རྒོལ་བྱ་རྒྱུ་ཡིན་པའི་གློག་འཕྲིན་ཞིག་བཏང་འབྱོར་བྱུང་བའི་ཁར། ཁོ་རང་གིས་གཞུང་ཚབ་ཀྱི་སྒོ་ཁར་དོགས་གཞི་ཡོད་པའི་བྱ་འགུལ་བརྩམས་པར་བརྟེན་ནས་བཀག་ཉར་བྱས་པ་འགྲེལ་བརྗོད་གནང་ཡོད། ཡིན་ནའང་(Drew pavlou)་ལགས་ནས་གློག་འཕྲིན་དེ་ནི་རྒྱ་ནག་གཞུང་ཚབ་ཀྱིས་ཆེད་དུ་རྫུན་བཟོ་བྱས་པ་ཞིག་ཡིན་པ་དང་། ཁོ་རང་གིས་ཞི་བའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་ཆེད། ངོ་རྒོལ་ལས་འགུལ་ཆུང་ཆུང་ཞིག་སྤེལ་བ་ཙམ་དང་། ཁོ་རང་ལ་ཁྲིམས་རྩོད་པ་གླ་བཅུག་རྒྱུའི་ཐོབ་ཐང་སྤྲད་མ་སོང་ཞེས། ཁོ་རང་གི་(twitter)་དྲ་གནས་སུ་སྤེལ་འདུག
ལས་འགུལ་བ་(Drew pavlou)་ལགས་ཀྱི་ངོ་ཤེས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ནས། ལས་འགུལ་པ་ཁོང་ནི་ཧོང་ཀོང་དང་ཡུ་གུར། བོད་དང་རྒྱ་ནག་གི་དམངས་གཙོ་འཐབ་རྩོད་བཅས་ལ་རྒྱབ་སྐྱོར་ལས་འགུལ་གནང་མཁན་ཞིག་ཡིན་པ་དང་། ཉིན་དརེ་ཁོང་ཡུ་གུར་བ་མང་པོ་རྒྱ་ནག་གཞུང་གིས་བཀག་ཉར་བྱས་པ་གློད་གྲོལ་ཆེད། གཞུང་ཚབ་མདུན་ངོ་རྒོལ་རྣམ་འགྱུར་བསྟན་པར་བསྐྱོད་པ་ཙམ་ལས། འབར་རྫས་འཇོག་རྒྱུའི་གློག་འཕྲིན་དེ་འདྲ་ཁོ་རང་གིས་འབྲི་མི་སྲིད་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཨོསི་ཊརེ་ལི་ཡའི་ནང་གནས་སྡོད་རྒྱ་རིགས་རང་དབང་འཐབ་རྩོད་པ་དང་། ཟུར་ཟའི་རི་མོ་སྒྱུ་རྩལ་བ་གྲགས་ཅན་པཱ་ཏོའུ་ཚོའོ་ལགས་(巴丢草)་ནས་ཀྱང་། (Drew pavlou)་ལགས་ནས་དེ་འདྲ་བྱེད་མི་སྲིད་པ་རེད། ཁོང་ནི་ཞི་བའི་ལས་འགུལ་བ་གཙང་མ་གཙང་རྐྱང་ཞིག་ཡིན། ཁོ་ལ་ནག་ཉེས་ཅི་ཡང་མེད་པ་ང་དང་རྒྱ་རིགས་འཐབ་རྩོད་པ་མང་པོས་བརྒྱ་ཆའི་བརྒྱ་ངོས་འཛིན་བྱེད་ཀྱི་ཡོད། ད་ལན་གྱི་གནས་ཚུལ་དེ་ནི་ནམ་རྒྱུན་རྒྱ་ནག་གཞུང་གིས་ཡུ་གུར་བ་ཚོ་ནག་པོ་བཟོ་ཐབས་དང་། སྐབས་རེར་བོད་མི་ཚོའི་ཐོག་ཏུའང་བེད་སྤྱོད་གཏོང་བཞིན་པའི་ཐབས་ཇུས་རྨ་མེད་པ་ཞིག་རེད། ཁོ་ཚོས་ཁོང་གིས་འབར་རྫས་ཀྱི་ཉེན་ཁ་བཟོས་པ་དང་འཇིགས་སྐུལ་དྲག་སྤྱོད་པ་རེད་ཅེས་བཤད་པ་སོགས་ཀྱིས་གསལ་བོ་མཚོན་ཐུབ་ཅེས་འགྲེལ་བརྗོད་གནང་གི་འདུག
དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནང་གི་རྒྱ་ནག་གཞུང་ཚབ་ཀྱི་མགྲིན་ཚབ་པ་ཞིག་གིས། ཁོང་ཚོའི་གཞུང་ཚབ་ལ་དྲག་སྤྱོད་པས་འཇིགས་སྐུལ་གྱི་གློག་འཕྲིན་བཏང་བ། དབྱིན་ཇིའི་ཉེན་རྟོག་པར་སྙན་སེང་ཞུས་ཡོད་ཅེས་(Guardian)་གསར་ཤོག་ཏུ་འཁོད་ཡོད་པ་རེད། རྒྱ་ནག་ཏུ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དང་། གྲངས་ཉུང་མི་རིགས་ཚོར་དྲག་གནོན་བྱས་པ་སོགས་འགོག་ཐབས་ཀྱི་ལས་འགུལ་བ་(Drew pavlou)་ལགས་ནི། སྤྱི་ལོ་༡༩༩༩ལོར་ཨོསི་ཊརེ་ལི་ཡར་སྐྱེས་པ་ཞིག་ཡིན་ནའང་། ཁོ་རང་གི་ཕ་མ་ཚོ་ནི་སྤྱི་ལོ་༡༩༦༠ནང་ཡོ་རོབ་གྷི་རི་སེ་ནས་ཨོ་གླིང་དུ་གནས་སྤོས་གནང་བ་ཞིག་ཡིན་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་ལ་སོགས་གནད་ཡོད་མི་སྣ་ཚོས་གསུམ་བཅུའི་དུས་དྲན་ཉིན་བསྒྲགས་གཏམ་སྤེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎